རང་སྣང་དབྱིངས་ཀྱི་མཁར་འགྲོའི་ཟུར་མིག་ཞེས་བྱ་བ།
རང་སྣང་དབྱིངས་ཀྱི་མཁར་འགྲོའི་ཟུར་མིག་ཞེས་བྱ་བ།
ཨ་ཧོ། སྐྱེ་མེད་ཆོས་སྐུའི་དབྱིངས་ན་ཀུན་ཏུ་བཟང་།།
འགགས་མེད་ལོངས་སྐུའི་གར་བསྒྱུར་རྡོ་རྗེ་སེམས།།
མཐའ་མེད་འགྲོ་བའི་མགོན་པོ་པདྨ་འབྱུང་།།
དབྱེར་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་གཟིགས།།
དབྱིངས་ལས་རང་བྱུང་རིག་པའི་ཡེ་ཤེས་རྩལ།།
མི་འགྱུར་རྡོ་རྗེའི་ཆོས་སུ་སྨིན་པ་ལས།།
གྲངས་མེད་འགྲོ་མང་འདུལ་ལ་མི་ཞུམ་ཡང་།།
སྙིགས་དུས་ངང་ཚུལ་མཐོང་ནས་བདག་ཡིད་སྐྱོ།།
གསུམ་ལྡན་བླ་མ་སྤྱི་བོའི་རྒྱན་བྱས་ནས།།
སྣ་ཚོགས་སྡུག་བསྔལ་སྣང་བར་ཐག་བཅད་དེ།།
ཀ་དག་རྒྱལ་སར་རང་དབང་འབྱོར་བ་བདག།
རྟེན་འབྲེལ་ཟབ་ཆོས་སྤྱོད་ལ་སྤྲོ་བ་རྒྱས།།
ཀུན་རྟོག་གློ་བུར་སྤྲིན་ནག་དབྱིངས་སུ་ཡལ།།
འོད་གསལ་སེམས་ཀྱི་ཟླ་གཞོན་འོད་མདངས་རྒྱས།།
ཕྱོགས་བཅུ་དུས་བཞིའི་རྒྱལ་ཀུན་དགྱེས་ཞལ་ངོམ།།
ཉམས་སྣང་ཚད་དུ་ཕྱིན་པ་བསྟན་འགྲོའི་གསོས།།
ཨཿཨྰཿ ངོ་བོ་ཀ་ནས་དག་པ་རང་བཞག་གི་བྱང་ཆུབ།།
རང་རྩལ་འགག་པ་མེད་པ་འོད་གསལ་གྱི་ཉམས་འགྱུར།།
ཐུགས་རྗེའི་དབྱིངས་ཀུན་བརྡལ་བ་རང་ཆས་ཡོད་པས།།
ད་ནི་སྲིད་ཞི་གཉིས་ལ་རེ་དོགས་དང་བྲལ་ལོ།།
རིག་པ་མཉམ་ཉིད་བརྡལ་བ་སྔར་འདྲེས་སུ་དགའ་ལ།།
གདོད་ནས་རང་དག་སངས་རྒྱས་མལ་ནས་རྙེད་དེ།།
རིག་པའི་རང་སྣང་རིགས་དྲུག་ཡུལ་སྣང་བཅས་དག་ནས།།
དགའ་བདེའི་ཉམས་བྱུང་བརྗོད་ལ་ཚངས་དབྱངས་ཀྱང་ངལ་ལོ།།
རང་སྣང་བྱང་ཆུབ་མཁའ་འགྲོའི་མིག་སེར་ནི་མི་འདུག།
རྣམ་ཀུན་མཆོག་ལྡན་ཁྱོད་ལ་བརྩེ་སེམས་ཞིག་ཡོད་ན།།
ཐབས་མཁས་དགའ་བ་བཞི་ཡི་སྒྱུ་རྩལ་ལ་བརྟེན་ནས།།
དཔེ་དོན་མཚོན་དཔེ་བྲལ་བའི་དགའ་བ་དེ་སྟོན་ཅིག།
སྒྲ་བརྗོད་སྟོང་སྒྲ་ལགས་པས་གང་བཤད་དེ་བཤད་ཆུག།
གང་མཐོང་རིག་སྐུ་ལགས་པས་གང་མཐོང་དེ་མཐོང་ཆུག།
དྲན་རིག་ཆོས་སྐུའི་རྩལ་ལ་གང་འགྱུ་དེ་འགྱུ་ཆུག།
བརྟུལ་ཞུགས་འགོག་མེད་སྤྱོད་པ་དབྱེ་བསམ་ཡང་མི་བྱེད།།
ཆགས་བྲལ་རྡོ་རྗེའི་ཟུར་མིག་གང་དགའ་ལ་འཕེན་བཞིན།།
བློས་བྱས་འཛིན་ཞེན་རི་མོ་རིག་དབྱིངས་སུ་བྱང་ཞིང་།།
བདེ་སྡུག་གྱ་གྱའི་བློ་སྣ་འོད་གསལ་དབྱིངས་ཆུབ་པས།།
ལྷ་སྒོམ་སྔགས་བཟླ་མི་དགོས་སོས་དལ་དུ་ཉོལ་སྡོད།།
རྟོག་གེའི་བློ་ལས་འདས་པ་འོད་གསལ་གྱི་གཤིས་ལུགས།།
བརྗོད་བྲལ་མི་ཤིགས་ཐིག་ལེའི་མཁའ་དབྱིངས་སུ་སད་དེ།།
འཁོར་འདས་རྒྱལ་བའི་དལ་དུ་རང་ངོ་ཞིག་འཕྲོད་ཚེ།།
རིག་སྟོང་ཆོས་སྐུར་ལྟ་བའི་ངེས་ཤེས་ཤིག་སྐྱེས་བྱུང་།།
ཆོས་དབྱིངས་རིག་རྩལ་རོལ་བ་བདེ་ཆེན་གྱི་མཁའ་འགྲོས།།
བརྡ་ཚིག་རྡོ་རྗེའི་རོལ་མོ་དབྱིངས་ཀློང་ནས་འཁྲོལ་ཚེ།།
སྔོན་སྤྱང་ལས་ཀྱི་མཐུ་སད་སྐལ་ལྡན་གྱི་གཞོན་ནུ།།
རབ་དགའི་ཏིང་འཛིན་ཐོབ་འདྲའི་དགའ་བ་ཞིག་སྐྱེས་བྱུང་།།
སྣང་ཚད་ཆོས་སྐུ་རྟོགས་ན་རིགས་དྲུག་གི་གནས་འདི།།
ཡེ་ནས་གཞིར་བཞེངས་རིག་པའི་རྒྱལ་ས་རུ་ངེས་པས།།
འཛིན་མེད་གཏན་བདེའི་ཉམས་སྣང་གོང་འཕེལ་ལས་གཞན་གྱི།།
ཐ་མལ་སྣང་ཞེན་དྲི་མ་རིག་དབྱིངས་ལ་མི་འདུག།
རྩ་ཁམས་དག་པ་ཡི་གེའི་འཁོར་ལོ་རུ་སད་དེ།།
རླུང་ཁམས་དག་པ་དཔའ་མོའི་སྒྱུ་རྩལ་དུ་ཤེས་ནས།།
ཐིག་ལེ་ཡེ་དག་ཆོས་སྐུའི་ངོ་བོ་རུ་སྨིན་པ།།
རང་རིག་བྱང་ཆུང་སེམས་ཀྱི་གཤིས་ལུགས་སུ་གོ་བྱུང་།།
སྟོང་ཉིད་ལང་ཚོ་དར་བའི་མཛའ་མོ་དང་འགྲོགས་ཏེ།།
བྱེད་བཅིང་ཐབས་ཀྱི་སྤྱོད་པས་དཔེ་དོན་གྱི་ཡེ་ཤེས།།
སེམས་དང་སེམས་བྱུང་དག་པའི་རང་སྣང་གི་སྟོན་འཁོར།།
རྟག་ཁྱབ་དུས་མེད་ངང་དུ་རྩེད་འཇོ་ལ་རོལ་ལོ།།
ཀ་དག་ཆོས་སྐུའི་གྲོང་ལ་ཆགས་འཇིག་ནི་མི་འདུག།
རང་སྣང་ཡེ་ཤེས་འཁོར་ལ་གསལ་སྒྲིབ་ནི་མི་གདའ།།
འོད་གསལ་བྱང་ཆུབ་སེམས་ལ་སྒྲིབ་གཡོག་དང་བྲལ་བས།།
ཆོས་དབྱིངས་རྒྱན་གྱི་འཁོར་ལོའི་རོལ་བ་འདི་ངོ་མཚར།།
དམིགས་མེད་སྤྲོས་མཐའ་བྲལ་བ་རང་བྱུང་གི་ཆོས་སྐུ།།
འགགས་མེད་ཅིར་ཡང་སྣང་བ་ལྷུན་གྲུབ་ཀྱི་ལོངས་སྐུ།།
འཁྲུལ་མེད་འགྲོ་དོན་ཤུགས་འབྱུང་མཐའ་གྲོལ་གྱི་སྤྲུལ་སྐུ།།
སྐུ་གསུམ་རིག་པའི་རོལ་བར་རྩོལ་སྒྲུབ་ཀྱིས་ཅི་བྱེད།།
རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཀུན་ཁྱབ་ཀྱི་ཡེ་ཤེས།།
སྡང་ཞེན་གཉིས་འཛིན་བྲལ་བ་མེ་ལོང་གི་རང་མདངས།།
འཁོར་འདས་མཉམ་ཉིད་བརྡལ་བ་འདོད་འབྱུང་གི་ཡེ་ཤེས།།
ཆགས་མེད་ཟུར་མདའ་འཕེན་པ་སོར་རྟོག་གི་ཁྱད་ཆོས།།
དབྱིངས་ཀྱི་རྩལ་སྣང་འགྲོ་འདུལ་བྱ་གྲུབ་ཀྱི་ཡེ་ཤེས།།
ཐམས་ཅད་རང་སྣང་དབྱིངས་ཀྱི་འཁོར་ལོ་རུ་རྫོགས་པས།།
རྒྱ་ཡན་ལྷུག་པར་བཞགས་ནས་སྟོང་ཆེན་གྱི་མཛའ་མོར།།
གཡོ་མེད་དལ་གྱིས་ལྟ་བའི་དུས་བཟང་དེ་སྨིན་བྱུང་།།
ཀུན་བྱེད་སེམས་ཀྱི་རོལ་མོ་ཅི་དགའ་རུ་དཀྲོལ་ནས།།
ཀ་དག་ཀུན་བཟང་མཁའ་ལ་འགོགས་མེད་དུ་བསྐྱོད་དེ།།
བྱེ་བ་ཕྲག་བརྒྱའི་ཞིང་སྣང་གཟིགས་མོ་རུ་ཤར་ཚེ།།
རིག་སྟོང་དོན་གྱི་བླ་མའི་བཀའ་ལུང་དེ་སྤེལ་འདོད།།
རྩོམ་ཁུངས། ཀཿཐོག་སྤྲུལ་སྐུ་པདྨ་དབང་ཆེན་གྱི་སྙན་རྩོམ་ཐོར་བུ།