༄༅། །ལོ་དེབ་དངུལ་དཀར་ལྡེ་མིག་ལ་ཆེད་དུ་ཕུལ་བ་ལྷག་བསམ་དུང་གི་རང་སྒྲ།
༄༅། །ལོ་དེབ་དངུལ་དཀར་ལྡེ་མིག་ལ་ཆེད་དུ་ཕུལ་བ་ལྷག་བསམ་དུང་གི་རང་སྒྲ།
རྒྱལ་ཀུན་འཕྲིན་ལས་མཛེས་སྡུག་ལྷ་མོའི་སྐུར།།
ཡོངས་ཤར་དབང་གི་མདངས་འཛིན་དགེ་མ་ཡི།།
ཟག་མེད་བདེ་བ་ཆེན་པོའི་དངོས་གྲུབ་མཆོག།།
སྩོལ་བར་མཁྱེན་ནོ་ཐུགས་རྗེ་ལྕགས་ཀྱུས་ཟུངས།།
གཞན་དྲིང་མི་འཇོག་དཔའ་གདེང་མེད་མོད་ཀྱང་།།
གཞན་གྱིས་མ་སྐུལ་རང་རང་དགའ་བའི་གཏམ།།
གཞན་ངོ་སྲུང་ཕྱིར་བཙན་གྱིས་སྒྲིག་མིན་པར།།
གཞན་དབང་མ་གྱུར་བར་དུ་བཤད་ན་འདོད།།
འདི་ན་སུ་དང་གང་གིས་མི་ཤེས་པའི།།
གྲྭ་རྐྱང་འགའ་ཡི་ལས་དབང་གཉོམ་པོ་འདི།།
མཆིལ་ཞགས་དམོད་ཚིག་འཕེལ་ཡུལ་གྱུར་ནའང་།།
རེ་ལྟོས་མིག་འབུར་གཏོད་ས་མ་འཕྱུག་ཅིག།།
རྨ་ཀླུང་གསེར་ལྡན་སྒེག་མོའི་འགྲམ་ངོགས་ཀྱི།།
རྨ་དངུལ་དཔྱི་ཡི་མེ་ཏོག་ཐང་ཆེན་ནས།།
རྨ་མེད་ལོ་དེབ་དངུལ་དཀར་ལྡེ་མིག་གིས།།
རྨ་འགྲམ་གཞོན་ནུར་རྩོམ་རིག་སྒོ་མོ་ཕྱེས།།
རྙིང་བ་ཐམས་ཅད་རྗེས་ལུས་ཁོ་ན་མིན།།
གསར་བ་ཡོད་ཚད་སྔོན་ཐོན་ལག་ཆ་མིན།།
གསར་རྙིང་ཟུང་དུ་འབྲེལ་བའི་ཐབས་ཚུལ་གྱིས།།
ལོ་དེབ་དངུལ་དཀར་ལྡེ་མིག་གཉེར་འདི་མཚར།།
མ་རྨད་ལྷག་བསམ་དུང་གི་འཁྲི་ཤིང་ལ།།
མ་བཅོས་སེམས་ཀྱི་མཛེས་སྡུག་མེ་ཏོག་ཕྲེང་།།
མ་སྐུལ་མགྲིན་པའི་རྒྱན་འཆང་སྙན་ངག་པའི།།
མ་འགག་ཚིག་གི་འགྱུར་ཁུགས་འདི་ན་སྙན།།
དོན་དང་ལྡན་པའི་གཏམ་གྱི་སྦྱོར་བ་རྣམས།།
དོན་མེད་ཚིག་གི་ལོ་མའི་མ་སྒྲིབ་པར།།
དོན་ལྡན་སྲོག་གིས་ཕྱུག་པའི་དཔྱད་རྩོམ་རྣམས།།
དོན་ཡོད་བྱ་ཕྱིར་མུ་འགོད་འདི་ནས་བྱེད།
ཡར་ངོས་ཟླ་བའི་འཕེལ་ཁ་དང་མཚུངས་པའི།།
ཡར་རྒྱས་འགྲོ་བའི་བོད་པའི་རིག་གཞུང་ལ།།
ཡར་སྐུལ་ལྷག་བསམ་འཛོམ་པའི་རྣམ་དཔྱོད་ཅན།།
ཡ་རབས་ངོ་མཚར་ལོ་རྒྱུས་འདི་ནས་སྤེལ།།
མ་རྙིང་བློ་གྲོས་འདབ་སྟོང་བཞད་པ་ཡི།།
མ་རྩ་ཅན་གྱི་བོད་ཕྲུག་གཞོན་ནུ་རྣམས།།
མ་འོངས་གངས་ལྗོངས་གསར་བ་སྐྲུན་ཕྱིར་དུ།།
མ་བཅོས་ལྷག་བསམ་དྲོད་ཀྱིས་བསྐྱངས་འདི་མཚར།།
ཁ་བ་ཅན་ལ་ཞབས་འདེགས་ཞུ་དགོས་དང་།།
ཁ་རྗེ་དབང་ཐང་བོད་ལ་དར་དགོས་ཞེས།།
ཁ་གཡང་ཙམ་གྱིས་བོད་དོན་མི་འོངས་པའི།།
ཁ་ཁོག་མཚུངས་པའི་བྱ་བ་འདི་མཚར་རོ།།
སྔར་ཡོད་སྲོལ་རྒྱུན་གནས་པ་གོང་འཕེལ་དང་།།
སྔར་མེད་དེང་རབས་རིག་པ་ནང་འདྲེན་སོགས།།
ཀུན་པོའི་ཕྲག་ཏུ་བབས་པའི་འོས་འགན་རྣམས།།
ཀུན་གྱི་དང་ལེན་བྱོས་ཞེས་གཏམ་འདི་སྙན།།
བླ་མས་རིགས་མར་རྒྱན་ཆ་འདོགས་ཚུལ་དང་།།
སློབ་མས་ལྐོག་ནས་སྐུར་བ་འདེབས་ཚུལ་སོགས།།
བླ་སློབ་དབྱེན་ལ་སྦྱོར་བའི་ངག་ཀྱལ་གཏམ།།
དོན་མེད་ཕུང་གྲོལ་བྱེད་ས་འདི་ན་མེད།།
གྲྭ་བས་སློབ་མར་སྨོད་ཚིག་འཕེལ་ཚུལ་དང་།།
སློབ་མས་གྲྭ་བར་ཡོན་ཏན་མེད་ཚུལ་སོགས།།
མཁྲེགས་འཛིན་ལྟ་བ་ངན་པའི་འཆལ་གཏམ་གྱིས།།
ནང་ཁུལ་མཐུན་སྒྲིལ་བརླག་ས་འདི་ན་མེད།།
ཕུ་ནུ་དམར་གསོད་བཏང་ན་དཔའ་ཚུལ་དང་།།
རིག་པའི་གཞུང་ལ་སྦྱང་ན་གླེན་ཚུལ་སོགས།།
བསམ་བློ་གོ་རྟོགས་དམན་པའི་བས་མཐའ་བའི།།
བླུན་པོའི་གཏམ་ངན་སྒྲོག་ས་འདི་ན་མེད།།
འབྲོག་པས་རོང་རྐུན་ཟེར་བའི་དམོད་ཚུལ་དང་།།
རོང་བས་འབྲོག་བླུན་ཞེས་པའི་འཕྱ་ཚུལ་སོགས།།
རང་རིགས་མཐུན་སྒྲིག་རྨང་ནས་རླག་བྱེད་པའི།།
བདེན་རྫུན་གཏམ་ངན་རྩོད་ས་འདི་ན་མེད།།
བརྡ་ལ་མ་བྱང་བྱིས་པའི་རྡོལ་གཏམ་གྱིས།།
བརྡ་སྤྲོད་རིག་པའི་གཞུང་ལུགས་ཁྱད་བསད་ནས།།
བརྡ་དང་སྐད་ཡིག་བཟོ་བཅོས་བྱེད་དགོས་ཞེས།།
བརྡ་ཡིག་ངན་པ་སྒྲོག་ས་འདི་ན་མེད།།
དབུས་གཙང་ཨ་མདོར་ལ་རྒྱ་མེད་ཚུལ་དང་།།
ཁམས་པ་རྒོད་པོས་ནང་དམེ་བྱེད་ཚུལ་སོགས།།
མ་བརྟག་བྱུང་རྒྱལ་སྨྲ་བའི་ཁ་མང་ཚོར།།
དོན་མེད་ཉོག་གཏམ་བཤད་ས་འདི་ན་མེད།།
དཀའ་སྡུག་མི་བཟོད་སྐྱིད་ཉལ་ལང་ཤོར་བའི།།
དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཚུལ་སོགས།།
ཁ་ཡག་ངོ་བསྟོད་བྱེད་པའི་གཅམ་ཚིག་གིས།།
ཁ་ངོ་ལེགས་པར་སྲུང་སྐྱོབ་བྱེད་ས་མེད།།
བརྗོད་བྱ་སྲོག་དབང་བཀུམས་པའི་མི་རོ་ལ།།
རྗེད་བྱེད་ཚིག་གི་རྐང་ལག་སྒྲིག་སྒྲིག་ནས།།
མཁས་པའི་མྱིང་བྱང་ཐོབ་ལ་རེ་སྟོང་ངང་།།
མི་ཚེ་ཆུད་ཟོས་གཏོང་ས་འདི་ན་མེད།།
དོན་མེད་ཚིག་ཉོག་སོག་མའི་ཕུང་བོ་འདི།།
ཡལ་མེད་དངུལ་དཀར་ལྡེ་མིག་གཙོ་བྱས་པའི།།
རྒྱུ་མེད་སྤྲང་བོའི་ལོ་དེབ་ཁག་ཅིག་ལ།།
མདོ་མེད་སྨྱོན་པ་རྫ་བློ་འཁྱམས་པོས་ཕུལ།།
ཞེས་ལོ་དེབ་དངུལ་དཀར་ལྡེ་མིག་ལ་ཆེད་དུ་ཕུལ་བ་ལྷག་བསམ་དུང་གི་རང་སྒྲ་ཞེས་པ་འདི་ནི་རྫ་ཤུལ་བློ་བཟང་རྒྱ་མཚོའམ་རྨ་ ཡུལ་སྨེ་བདུན་དུ་འབོད་པས་རབ་གནས་ས་གླང་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།