དྲན་གདུང་གི་གནས་ཚང༌།
ཨ་ཕའི་ཞབས་རྗེས་རྒྱང་རིང་ཡུལ་དུ་ཤོར།།
བུ་ཡི་བསམ་གཞིགས་མིག་ཆུའི་རྒྱུན་ལ་འདྲེས།།
སྙན་ངག་སྐྱུར་བོ་སྨྱུ་གུའི་རྩེ་ནས་བཞུར།།
མི་ཡུལ་ཟང་ཟིང་དཀྲུགས་པའི་ལས་ལ་ཞུགས།།
ཨ་མའི་གནའ་གཏམ་སྙིང་གི་རུས་ལ་ཟུག །
འཚོ་བའི་ཁ་དོགབཟོད་མེད་མིག་ལ་གནོད།།
ཆུ་རྐྱང་ཕོར་གང་སྐོམ་གདུང་གསོས་སུ་བརྟེན།།
ལུས་པོ་འདོམ་གང་བདག་མེད་ངང་དུ་ལུས།།
རི་སྤྱང་སྔོན་མོའི་སོ་བ་སྒང་ནས་བུད།།
གྲོག་རོང་ཟབ་མོའི་འཇིགས་པ་སྔོན་དུ་དཔྱང༌།།
ཚེར་མའི་རེག་བྱ་རྐང་ལམ་ཁྲོད་ནས་འཛིང༌།།
ཕྱིར་མིག་རེ་རེའི་ན་བུན་ཚུལ་དུ་ལངས།།
བདེ་སྐྱིད་སྒྲོལ་མའི་འཛུམ་མདངས་སྔར་ནས་ཡལ།།
འཇིགས་སྐྲག་བཙན་པོའི་སྨག་རུམ་སྟུག་ཏུ་ཕྱིན།།
ཁེར་རྐྱང་སེམས་ཀྱི་གཏད་སོ་ཆུང་དུ་གྱུར།།
དྲན་པའི་ཤུགས་རིང་འདི་ཡང་ཤིན་ཏུ་གཉོམ།།
ཟུངས་ཁྲག་ཁ་བར་འཐིམ་པའི་བཤུལ་རྗེས་སྲབ།།
ངུ་སྐད་བྲག་ལ་བསྐུར་བའི་དབྱངས་རྟ་ལྷོད།།
སེམས་ཀྱི་ན་ཟུག་སྲུང་བའི་ལུས་པོ་སྐམ།།
གོམ་པའི་འདེགས་འཇོག་སྒྱུར་བའི་ནུས་པ་ཉམས།།
རྔུལ་ཆུས་བསགས་པའི་དངུལ་ནོར་གཞན་གྱིས་ཁྱེར།།
སྡུག་གིས་ཁུར་བའི་མི་ཚེ་རླུང་གིས་རྡེབ།།
ཤེས་རིག་སྨག་གིས་བཅུམ་པའི་གདུང་བ་ལྕི།།
ཁྲིམས་ལུགས་ལྕགས་ཀྱི་ཐག་པ་ངང་གིས་ཟད།།
སྡོང་ལོ་སེར་བོའི་མྱ་ངན་ཕྱོགས་སུ་འཐོར།།
གྲང་རླུང་ངར་མའི་འུར་སྒྲ་མདུན་ན་རྒྱུག།
ས་རྡུལ་སྨུག་པོའི་འཚུབ་མ་དགུང་ལ་འཁོར།།
དྲན་གདུང་སེམས་ཀྱི་འཕར་རྩ་འཁྱག་ལ་འབྱར།།
ཞེན་ཆགས་འཛུམ་དཀར་རི་ཆུ་སྟོང་གིས་བཅད།།
རེ་སྒུག་སྙིང་སྟོབས་རྨི་ལམ་བཙན་པོས་སྒུལ།།
དུང་སེམས་བདེ་སྐྱིད་ས་སྲོད་ཆེན་མོས་འཁྱེར།།
ལྷིང་འཇགས་སེམས་པ་ན་ཟུག་དྲག་པོས་ཟིན།།
འབྱོར་ལྡན་ཤིང་གི་སྒོ་མོ་འཇིགས་ཤིང་རྔམ།།
དད་ལྡན་སེམས་ཀྱི་ཕ་མཐའ་ཡངས་ཤིང་ཆེ།།
སྟོངས་ལྡན་དཔའ་བོའི་སྨིན་དབྲག་སྟུག་ཅིང་འཚུབ།།
བྲན་གཡོག་ལུས་པོ་སྔར་བཞིན་གཉོམ་ཞིང་འཁུམ།།
མཐོན་པོའི་བྲག་ལ་ཁྭ་ཏས་ལྡིང་སྐོར་རྒྱག།
དམའ་མོའི་མཚོ་ལ་འཁྱག་རོམ་མཐུག་པོ་ཆགས།།
ངང་བ་སེར་བོའི་མིག་ཆུ་ཐང་ལ་སིམ།།
ང་ལ་དྲན་གདུང་སྐྱོ་བ་ལྷག་ཏུའ་འཕེལ།།
བདེ་སྐྱིད་འཛུམ་དེ་ཡུན་རིང་གཞན་གྱིས་སྤྱད།།
བརྩེ་འདང་སྲ་མོའི་ཐག་པ་བདག་ལ་ཟུག།
ལོ་ཟླ་མྱུར་མོའི་བཞུར་སྟངས་ངང་གིས་རྒྱུག།
ལང་ཚོའི་ནད་རྟགས་ཆེན་པོ་ལུས་ལ་ལྷུང༌།།
མཚན་མོའི་འཇིགས་སྣང་མང་བོ་དང་དུ་བླངས།།
ཉིན་མོའི་གདུག་རྩུབ་རེ་རེ་བཙན་གྱིས་བསུས།།
ཁྲ་ཁྲའི་འཇིག་རྟེན་རྒྱུ་བ་ལོངས་སུ་སྤྱད།།
རང་ལ་མཁོ་བའི་བརྩེ་དུང་ཤིན་ཏུ་ཉུང་།།
བདེ་སྐྱིད་སྒྲོལ་མའི་ངག་འཕྲིན་མཁའ་རུ་འཁོར།།
ཁེར་རྐྱང་བདག་གི་ཞེ་རྩ་ཆུ་ལ་འདྲེས།།
མི་སྡུག་ལུས་པོ་སྐྱོ་བའི་རླུང་གིས་གཙབས།།
བསམ་གཞིགས་དངན་པས་མནན་ནསདུས་ཚོད་བསྲིངས།།
ཁ་བའི་འབབ་སྟངས་འགྱུར་མེད་སྔར་བཞིན་བྱོ།།
སྦྲ་ནག་ན་ཟུག་ཁུར་བོ་སྔར་ལས་ལྕི།།
གཡག་རྒོད་སྣ་ཐག་ཁྲག་གི་རྒྱུན་ལ་འདྲེས།།
ཁོར་ཡུག་ཉམས་སྣང་སྐྱ་བོ་སྙིང་ལ་གཟན།།
རྐང་ལམ་རིང་མོ་བསུབ་ནས་ལོ་མང་འདས།།
རེ་བ་སྣུམ་པོ་སྦགས་ནས་དུས་མང་འདས།།
ཤེས་རབ་མོག་པོར་བྱས་ནས་ཡུན་རིང་ཕྱིན།།
མནར་གཅོད་མང་བོས་གཙེས་པའི་གདུང་བ་ལྕི།།
སྤྲང་བོའི་འཚོ་བར་ཞུགས་ཡུན་རིང་བར་ཕྱིན།།
བླུན་པོའི་འུ་ཐུག་སྨྲེང་རྒྱུན་མར་བཞུར།།
བརྩེ་དུང་འཇིག་རྟེན་སྒོ་མོ་ཆེ་རུ་ཕྱེས།།
དྲན་གདུང་སྙནངག་འབོད་པའི་ཐབས་སུ་རོལ།།
རྩོམ་ཁུངས། ཨ་འཇམ་དབྱངས་ཚུལ་ཁྲིམས་ཀྱི་སྙན་དེབ་མེ།