དུངས་སེམས་རླབས་ཀྱི་ཟེགས་མ། ༤
ཁྱོད་རང་བྱང་ལམ་ནས་ཕེབས་ཤིང་།།
ང་ཡང་ལྷོ་ལམ་ནས་འོངས་མོད།།
ལམ་བུ་སྣེ་འཛོལ་རང་བྱུང་བ།།
ལས་དང་སྐལ་བ་ཡིས་ལན་འདུག།
འཇོ་སྒེག་སྔ་ས་ན་འདུག་ཅིང་།།
དུང་བ་སྔར་ལས་ཀྱང་ལྷག་མོད།།
གསང་གཏམ་སྨྲ་ཤེས་ཀྱི་སྤྱན་ལ།།
སྔར་གྱི་གྲུང་ཉམས་དེ་མི་འདུག།
ཤྭ་རྭ་སྨུག་པོ་དེ་བསམ་ནས།།
གཞུ་རྒྱུད་ལྷོད་ཐག་ནི་མ་ཆོད།།
ཤ་བ་འདྲོག་སྙམ་གྱིས་དོགས་ཏེ།།
མདའ་མོ་འཕེན་ཐག་ཀྱང་མ་ཆོད།།
བུ་མོའི་བསླད་མེད་ཀྱི་བརྩེ་དུང་།།
ལོ་བསྙལ་ཟླ་བསྙལ་གྱི་རྒུན་ཆང་།།
ཨ་ཇོ་ཁྲེལ་ཡོད་ཅིག་མིན་ན།།
ཆང་ཕུད་བཞེས་པ་རང་མ་གནང་།།
ཁྱོད་ནི་ཨ་གར་གྱི་ལྗོན་པ།།
ང་རང་མེ་ཏོག་གི་འཁྲི་ཤིང་།།
སྐྱེ་བ་ལན་གཅིག་གི་ཚེ་འདིར།།
སོ་སོར་དབྱེ་ཐབས་ཤིག་མི་འདུག།
དུང་སེམས་དར་དཀར་གྱི་ཁུགས་པར།།
སྨོན་ལམ་རྒྱ་མདུད་ཅིག་ཕབ་སྟེ།།
ཁྱོད་ཀྱི་ཕྱག་སོར་ལ་གཏད་ཡོད།།
བུ་མོའི་ལས་དབང་ལ་ཁྱོད་མཁྱེན།།
ཁྱོད་རང་འཇིག་རྟེན་འདིར་བཙལ་ནས།།
མི་ཚེ་ཕྱེད་ཀ་དེ་ཡོལ་ཐལ།།
ཁྲེལ་མེད་ཁྲམ་པ་ཞིག་ཡིན་ཀྱང་།།
ད་ནི་འགྱོད་སེམས་དེ་མེད་དོ།།
རང་བློ་དབང་ཆེན་དུ་བྱས་ཡོད།།
བློ་ཕུགས་བརྩེ་དུང་ལ་བཅོལ་ཡོད།།
སྐྱིད་ན་དཀོན་མཆོག་གི་བྱིན་རླབས།།
སྡུག་ན་སྔོན་ལས་ཀྱི་བསྐོས་ཐང་།།
རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་།