རྨ་འགྲམ་གྱི་བསམ་གཞིགས །
ཕྱི་ན་མི་བཟོད་དུས་བཞིའི་གྲང་རེག་གིས་བསྡམས་འདུག །
ནང་ན་ཏིང་འཛིན་མེད་པའི་སེམས་འགྱུ་ཡིས་མནར་འདུག །
སྡུག་གི་སྣ་འདྲེན་སློང་བའི་འཛད་ཀྱི་མེད་ལུས་པོ །།
བདེ་བའི་མལ་དུ་གཟིམས་པའི་སྐལ་བ་ཞིག་མ་བྱུང་ །།
སྡུག་ན་ལེགས་འབྲས་ཐོབ་པ་ཨུ་ཚུགས་ཀྱི་ལྟ་བ །།
སྐྱིད་ན་མཐའ་འབྲས་ངན་པ་གླེན་རྟགས་ཀྱི་གཤིས་ཀ །
རྣམ་རྟོག་འདྲེ་མོས་བསྒྱུར་བའི་རྟེན་འབྱུང་གི་ལུས་པོ །།
ང་ནི་བརྟེན་ས་མེད་པར་ཁེར་རྐྱང་དུ་ལུས་བྱུང་ །།
ཁྱིམ་ན་ཟས་ཀྱིས་སྟོང་བ་རྒྱང་རིང་གི་འཚོ་བ །།
གཞན་གྱིས་སྡང་མིག་ཁུར་བ་ལྟས་ངན་གྱིས་བཀོད་བསྒྲིགས །།
སྐྱིད་པའི་དུས་ཤིག་མེད་པའི་གཡུལ་འཁྲུགས་ཀྱི་ཀློང་ན །།
བྱམས་ལྡན་གངས་དཀར་ཨ་མའི་བརྩེ་འཛུམ་དེ་དྲན་བྱུང་ །།
ཁ་ན་ངག་ཀྱལ་མང་བ་བུད་མེད་ཀྱི་ལུགས་སྲོལ ། །
ཁོག་ན་ཕྲག་དོག་ཆེ་བ་བོད་རིགས་ཀྱི་གོམས་སྲོལ །།
གཞན་ལ་འགྲམ་ཆུ་ལྡང་བ་ཕྱི་རྒྱལ་གྱི་འགྲོ་སྲོལ །།
སེམས་ལ་ཞི་བདེ་མེད་པ་ཐམས་ཅད་ཀྱི་ཐོབ་འབྲས །།
སྡུག་ན་སྡུག་གི་ཁུར་བོ་རང་ཉིད་ཀྱིས་མ་བླངས །།
སྐྱིད་དུས་སྐྱིད་ཀྱི་དགའ་ཚོར་ལུས་སེམས་ཀྱིས་མ་ནོན །།
ངེས་མེད་རླུང་ཁར་ཟད་པའི་མི་ལུས་ཀྱི་ལོ་མར །།
གཞན་དབང་ཨུ་ཚུགས་བཙན་པོས་བསྒྱུར་པ་འདི་སྐྱོ་ཨང་ །།
འཕྲལ་ཙམ་གྱེས་ཀྱང་འཕྲད་དུས་ངོ་གདོང་ཡང་མི་ཤེས །།
ཡུན་རིང་འགྲོག་དུས་ཡུན་གྱིས་ཁ་ཁ་རུ་ཕྱིན་འགྲོ །།
མ་ངེས་མི་ཡི་འགྲོ་ལུགས་འདུག་སྟངས་ལ་གཞིག་དུས །།
སྐྱོ་གདུང་དྲགས་པོའི་དངན་པ་དབང་མེད་དུ་ཤོར་བྱུང་ །།
མཐོ་ན་བཀུར་བསྟི་བྱེད་པ་སྲོལ་བཟང་དུ་ངེས་ཀྱང་ །།
དམའ་ན་ལྟ་མཁན་མེད་པའི་རང་རིགས་ཀྱི་སྲོལ་ལ །།
གཞན་གྱིས་བལྟས་ན་ཁྲེལ་མེད་གཤེན་མ་ཡི་གཤིས་ཀ །
འདི་ལ་བསམ་དུས་སྐྱོ་བ་སངས་དུས་རང་མི་འདུག །
སྤྲུལ་སྐུ་མང་བ་ལུགས་མེད་ཇག་རྐུན་གྱི་འགྲོ་སྟངས །།
སྤྲུལ་སྐུ་གཅིག་ཀྱང་མེད་པ་འདྲེ་སྲིན་གྱི་ཆོ་འཕྲུལ།།
ལུགས་མེད་མཛད་པ་སྐྱོང་བའི་སྤྱོད་ཚུལ་ལ་བསམ་དུས །།
བདག་གི་གདུང་སེམས་མཚོན་པའི་སྙན་ངག་འདི་ཤོར་ཐལ །།
ཕ་མ་དགག་ཏུ་བརྩི་བ་ཁྲེལ་མེད་ཀྱི་བྱིས་པ །།
ཕ་མ་བདེན་དུ་གྲུབ་པ་གླེན་རྟགས་ཀྱི་གཤིས་ཀ །
རྟག་ཏུ་གྲང་རེག་རྒོལ་བའི་རང་རིགས་ལ་མནོ་དུས །།
བདེ་བའི་རྨི་ལམ་ཞིག་ཏུ་རྫོགས་རྟགས་ཀྱང་མ་བཀོད །།
སུ་ཡིས་བལྟས་ན་སུག་བཞི་སེམས་ཅན་དང་འདྲ་བའི །།
རི་གྲོང་ནགས་ཀློང་འགྲིམས་པའི་རང་རིགས་ཀྱི་ལུགས་ལ །།
གཞན་གྱིས་འཕྱ་དམོད་ཁུར་བའི་བྱེད་ལས་ལ་གཞིག་དུས།།
དལ་མེད་སྨྱུག་ཆུང་འཁྱུགས་པའི་རི་མོ་འདི་ཤོར་སོང་།།
ང་ཡི་རིགས་མཐུན་ཐོས་འཛིན་བདག་ཕྱོགས་སུ་རྐྱོངས་དང་།།
སྙན་མོ་ཁུ་བྱུག་གཞོན་ནུའི་གྲེ་འགྱུར་དེ་མེད་ཀྱང་།།
ལྷག་བསམ་གངས་ལ་གཏད་པའི་འཛད་མེད་ཀྱི་སྙན་ངག།
ལྷད་མེད་དུང་སེམས་མཚོན་པའི་ལེགས་སྐྱེས་སུ་འབུལ་ཆོག།
རྩོམ་ཁུངས། ངེད་དྲ་བ།