སྨོན་ཚིག་ཐུབ་དབང་དགྱེས་པའི་མཆོད་སྤྲིན།
ན་ཚོད་ལང་ཚོ་རྫོགས་པའི་སྨིན་ལེགས་མ།།
ངག་རིག་དབྱངས་སྙན་སྩོལ་བའི་ཚངས་སྲས་མ།།
རོལ་སྒེག་གར་གྱིས་ཕྱུག་པའི་ཡིད་འཕྲོག་མ།།
མགྲིན་པའི་སེང་ཁྲིར་བཞུགས་ཤིག་དབྱངས་ཅན་མ།།
ཟབ་མོ་སྟོང་བ་ཉིད་ཀྱི་དེ་ཉིད་རིག།
བསླབ་ཁྲིསམ་ལྗོན་པའི་ཡལ་ག་ཤུགས་ཀྱིས་གཡོ།།
ལྷག་བསམ་པད་མ་དཀར་པོའི་འདབ་བརྒྱ་གྲོལ།།
བརྩེ་བའི་གཏེར་གྱུར་བླ་མ་སྤྱི་བོར་མཆོད།།
གཞན་དོན་འབའ་ཞིག་སྒྲུབ་པའི་ལྷག་བསམ་ཅན།།
རང་དོན་རིང་དུ་དོར་བའི་སྙིང་སྟོབས་ཅན།།
འཕྲིན་ལས་གདུལ་བྱར་འཚམ་པར་སྟོན་མཛད་པ།།
ཕུན་ཚོགས་གསུམ་ལྡན་བུ་རམ་ཤིང་བར་འདུད།།
སྙིང་རྗེ་ཕྱག་ཟུང་ཡངས་པོར་སྐྱོང་མཁས་ཤིང༌།།
འཁོར་འབངས་ཀུན་ལ་བྱམས་པའི་རྗེ་བོ་ཡི།།
ཚོགས་བསགས་ཐུགས་བསྐྱེད་ཟླ་བའི་འཛུམ་ཟེར་ལས།།
འཁྲུངས་པའི་གཞོན་ནུ་དོན་གྲུབ་ལ་ཕྱག་འཚལ།།
ཕུན་ཚོགས་སྡེ་བཞིས་དཔལ་འབྱོར་སྲིད་ན་མཐོ།།
སྒྱུ་རྩལ་དྲུག་ཅུའེཧ་རེ་ཁ་ཡོངས་སུ་རྫོགས།།
དགའ་ལྡན་ཞིང་མཆོག་ཤཱཀྱའི་གྲོང་ཁྱེར་དུ།།
གྲགས་འཛིན་ས་འཚོ་སོགས་ཀྱིས་བསྐོར་ལ་བསྟོད།།
ན་རྒ་འཆི་བའི་སྡུག་བསྔལ་དཔེར་བསྟན་ཞིང༌།།
ཚེ་འདིའི་སྣང་ཤས་ཕྱི་མིའེ་ལམ་བྲོ་རུ།།
རུང་མིན་མཐོང་ནས་ནོར་གྱི་གན་མཛོད་ཆེ།།
སྤངས་ཏེ་སེམས་མཆོག་ངེས་འབྱུང་སྐྱེས་ལ་འདུད།།
རབ་འབྱམས་བསྐལ་བར་ཚོགས་བསགས་མཐར་ཕྱིན་མོད།།
རྣམ་གྲོལ་ཐོབ་པར་དཀའ་སྤྱད་གཙོར་དགོངས་ཏེ།།
གསུམ་ཟུང་ལོ་ངོར་ཕར་ཕྱིན་དྲུག་སོགས་ཀྱིས།།
རང་རྒྱུད་གཙང་མར་བཀྲུས་ལ་ཕྱག་འཚལ་ལོ།།
བཀྲ་ཤིས་རྩྭ་ཡི་སྟན་ལ་བདེར་བཞུགས་ནས།།
མར་གྱུར་སེམས་ཅན་གངྒའི་བྱེ་སྙེད་ཀྱི།།
དོན་དུ་དཀའ་བ་དཔག་མེད་སྤྱད་གྱུར་ཡང༌།།
བྱང་ཆུབ་བར་དུ་བཞེངས་མིན་གང་དེར་འདུད།།
ཆུ་སྲིན་རྒྱལ་མཚན་སོགས་ཀྱིས་མཐའ་བསྐོར་ཏེ།།
རི་བྲག་མཚོན་ཆའི་ཆར་བ་ཆེར་ཕབས་ཀྱང༌།།
བྱམས་སེམས་ཏིང་འཛིན་མཉམ་པར་བཞག་ཙམ་གྱིས།།
ཐམས་ཅད་ཞི་བར་འགོད་མཛད་གང་དེར་འདུད།།
གཞོམ་བྲལ་ཐེར་ཟུག་རབ་བརྟན་དཀའ་ཐུབ་ཀྱི།།
དགེ་མཚན་མཁའ་ལ་བཅོ་ལྔའི་ཟླ་བ་བཞིན།།
ལྷམ་མེར་ཤར་བས་སྲིད་པའི་རྒྱ་མཚོ་ལས།།
རྣམ་པར་གྲོལ་བའི་གཟི་བྱིན་འབར་ལ་བསྔགས།།
ཚུལ་ཁྲིམས་ལྗོན་པའི་རྩ་བ་གཞོག་གཞིག་བྲལ།།
ཆོས་གོས་གསུམ་སོགས་ཡལ་གས་མངོན་པར་བཀླུབས།།
ལྷག་བསམ་གྲིབ་མས་ཚ་ཟེར་གདུང་བ་འཇོམས།།
ཐུབ་དབང་དཔག་བསམ་ལྗོན་པ་གཏན་གྱི་སྐྱབས།།
ཇི་སྙེད་གཟིགས་པའི་ཤེས་རབ་མེ་འོད་ཀྱིས།།
སྒྲིབ་གཉིས་མུན་པའི་གོ་སྐབས་བཙན་གྱིས་འཕྲོག།
འཕྲོག་པའི་ཤུལ་དུ་རྣམ་ཀུན་མཁྱེན་པ་ཉིད།།
འཆི་མེད་ལམ་ལ་ཤར་གྱི་ཐིག་ལེ་བཞིན།།
སྒྲིབ་བྲལ་སྤྲིན་གྱིས་དབེན་པའི་ཁུན་གསལ་དང༌།།
ལོངས་སྤྱོད་ལྷུན་རྫོགས་ལྔ་ལྡན་འཁོར་གྱིས་ངེས།།
གདུལ་བྱའི་མོས་བཞིན་གང་འདོད་སྟོན་མཁས་པའི།།
རིན་ཆེན་སྐུ་གསུམ་བརྙེས་ལ་གུས་པས་མཆོད།།
འཕྲིན་ལས་པད་མ་དཀར་པོའི་ཟེའུ་འབྲུ་ཡི།།
བཅུད་ལས་འཁྲུངས་པའི་འཕགས་མཆོག་རྟ་ཐུལ་སོགས།།
ལྔ་སྡེ་བཟང་བོས་གཙོར་བྱས་དགྲ་བཅོམ་ནི།།
འབུམ་གྱི་དབུས་ན་ཁྱེད་ནི་བསིལ་སྦྱིན་མཁན།།
སྤོབས་པ་བཞི་ལྡན་བདེན་བཞིའི་ཆོས་འཁོར་སོགས།།
རྨི་ལམ་སྒྱུ་མ་ལྟ་བུའི་ཤེས་བྱ་ཀུན།།
མ་འདྲེས་སྤུ་རིས་འབྱེད་དང་འབྱེད་ནུས་པའི།།
ཆོས་འཁོར་ལན་གསུམ་བསྐོར་ལ་བསམ་གྱིན་འདུད།།
སྡིག་པ་ཅན་དང་ཆུ་བོ་དབྱིག་ལྡན་གྱི།།
མཚམས་སུ་ཕེབས་སྐབས་སྙུང་བའི་ཚུལ་མཛད་ཅིང༌།།
རབ་བཟང་རབ་དགའ་གདུལ་བའི་ཐ་མ་རུ།།
བཀོད་དེ་མྱ་ངན་འདའ་ཚུལ་བསྟན་དེར་འདུད།།
དག་པའི་ཞིང་མཆོག་ལྷ་ཡི་རྫིང་རིང་དུ།།
ཐུགས་རྗེ་བསིལ་ཟེར་འགུག་བྱེད་དྭངས་མོའི་ཆུ།།
སྣོད་ལྡན་ཀུན་ཏའི་འདབ་མར་ཉེར་བྲན་ཏེ།།
བློ་གྲོས་གེ་སར་ཕྱོགས་སུ་རྒོད་པར་ཤོག།
ཁྱོད་གསུང་སྙན་འཇེབས་པད་མ་དཀར་པོའི་ཚལ།།
ལྷུག་པོར་གྲོལ་ཏེ་ལེགས་བཤད་ཟེའུ་འབྲུའི་རོ།།
ཐར་བ་དོན་གཉེར་བློ་གསལ་རྐང་དྲུག་གི།།
ཚེ་རབས་ཕྲེང་བའི་གསོས་སུ་སྨིན་པར་ཤོག།
ཁྱེད་ལ་བསྟོད་པའི་བསོད་ནམས་ཚོགས་ཀྱི་མཐུས།།
ཚེ་རབས་ཀུན་ཏུ་བདག་སོགས་འགྲོ་བ་རྣམས།།
ཐུབ་པའི་དབང་བོའི་ཞལ་གསུང་བདུད་རྩི་ལ།།
ངོམས་མེད་རོལ་བའི་སྐལ་བཟང་མངོན་འགྱུར་ཤོག།
༢༠༠༣.༡༠.༥ཉིན་བྲིས།
རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།