འཚོ་བའི་རུལ་སུངས།
འོ་ཇ་མངར་མོ་ལྟེམས་པའི་དཀར་ཡོལ་འབྲུག་མ།།
རང་སོར་ཆག་པའི་གཏམ་ལ་ཡིད་ཆེས་དབེན་ཀྱང༌།།
ལྕགས་ཀྱི་ཕོར་བའི་བདག་པོར་དབང་ཤེད་ཆེ་བས།།
བདེན་པའི་ལན་ལ་ལེགས་སོ་ཟེར་དགོས་བྱུང་སོང༌།།
གཏིང་མཐའ་བྲལ་བའི་སྲིད་པའི་མཚོ་མོའི་ཀློང་ལ།།
ཤུགས་ཀྱིས་བསྐྱོད་པའི་ཀོ་གྲུ་བདག་ལ་བདོག་ཀྱང༌།།
བཞུད་ལམ་འགོག་པའི་གཟུགས་མེད་ཁྲིམས་ཀྱི་སྒོ་གླེགས།།
ཚེགས་མེད་གཏོར་བའི་ཐབས་ཤིག་རྙེད་པ་མ་བྱུང༌།།
འཚོ་བའི་ལམ་ན་སྤུངས་པའི་གསེར་ཕྱེ་ཕོན་པོ།།
ཟུངས་ཁྲག་དམར་པོར་བརྗེས་པའི་ནོར་མཆོག་ཡིན་ན།།
འདོད་པའི་ཁམས་སུ་བརྩིགས་པའི་བརྩེ་བའི་ཕོ་བྲང༌།།
གློ་བུར་འགྱེད་པའི་ལན་ལ་ཅི་ཞིག་ལྡོན་ནམ།།
བུ་མོའི་ངག་གི་དྲུག་འགྱུར་གླུ་གཞས་བསམ་ནས།།
ཡུལ་གྱར་བ་ཡི་འཚོ་བ་དང་དུ་བླངས་ཀྱང༌།།
སྲེད་པའི་རླུང་གིས་བདས་པའི་ཀུ་ཅོའི་སྒྲ་ཡིས།།
ཐོས་འཛིན་བུ་ག་དཀྲུགས་པ་ཐེངས་གཅིག་མིན་ནོ།།
མཚན་ལྗོངས་རིང་མོའི་ངོགས་ཀྱི་ཟླ་བའི་གྲིབ་གཟུགས།།
འཇམ་པོའི་གོས་སུ་གྱོན་པའི་གངས་རིའི་རྩེ་ནས།།
མཐའ་བཞིའི་རྒྱལ་ཁམས་ཞིང་ལ་རྒྱང་ལྟ་བྱས་ཚེ།།
འཁོར་བའི་འཕྲང་ལམ་དོག་མོའི་འཇིགས་པ་མཐོང་བྱུང༌།།
2009/2/14
རྩོམ་ཁུངས། མཚན་ལམ་རིང་མོ།