རྗེ་བཙུན་མི་ལ་རས་པའི་རྣམ་ཐར་མགུར་མར་བྲིས་པ་དད་གདུང་ཡིད་ཀྱི་མཆོད་སྤྲིན་བྱ་བ་བཞུགས་སོ།།
ན་མོ་གུ་རུ།
སྐུ་མི་མཇེད་བདེ་ཆེན་ཆོས་དབྱིངས་ནས།།
གསུང་དམ་ཆོས་བདུད་རྩིའི་གྲུ་ཆར་ཕབ།།
ཐུགས་བརྩེ་བའི་ལྕགས་ཀྱུས་མི་དོར་བའི།།
བོད་གདོང་དམར་བུ་ཚས་ཁྱེད་ལ་འབོད།།
ཡིན་བྱང་ཆེན་ས་ལམ་གྲོལ་གྱུར་ཀྱང༌།།
ཕྱི་སྒྱུ་ལུས་མི་ཡི་རྣམ་པ་བཅས།།
ཡུལ་སྐྱ་རྔ་རྩ་ཡི་ཀོ་རོན་ན།།
སྲོག་ཕྲ་མོའི་རྣམ་ཤེས་ཐོག་མར་སྦྲུམ།།
ལས་ཉོན་མོངས་དུག་ལྔའི་འཁོར་བ་འདིར།།
འདོད་ཆགས་ཞེན་དམར་པོའི་བསླུ་བྲིད་འོག།
ཤ་རུས་པ་གཅིག་པའི་གཉེན་ཉེ་ཡིས།།
ཁྱིམ་རྒྱུ་ནོར་ཅང་མེད་ཧམ་པས་འཕྲོག།
ཁྱི་རུས་པར་ཞེན་པའི་དམར་དད་ཀྱིས།།
དགྲ་ཕྱི་ནང་མི་ཤེས་སྨྱོ་མཆོང་ལ།།
དཔའ་ཞུམ་མེད་མྱང་ཚ་དཀར་རྒྱན་དེས།།
བློ་ཐག་གཅོད་ཤི་འཛིང་བྱེད་རྒྱུར་བཅད།།
ལོ་བདུན་གྱི་རྡོ་སྐས་མ་འཛེགས་གོང༌།།
གཡུལ་དམག་འཐབ་བྱེད་པའི་ཁུར་བརྩོན་གྱིས།།
མཐུ་སེར་བ་མཛུབ་ཁྲིད་སློབ་སྦྱོང་ཐད།།
དུས་ཉིན་མཚན་མེད་པའི་དཀའ་སྡུག་མྱངས།།
སྙིང་ཚལ་བར་གས་པའི་ཟུག་གཟེར་དང༌།།
སེམས་ཆགས་སྡང་ཟབ་མོའི་ཚ་ངར་འོག།
ལོ་ན་ཚོད་གཅིག་པའི་ཉ་མའི་ཁྲོད།།
གཞན་སུ་དང་མི་འདྲའི་མཐུ་རྟགས་ཐོན།།
ཕ་དམ་པའི་ཕ་གཞིས་ལོན་རེ་འམ།།
མ་བཟང་མོའི་ཁ་ཆེམས་སྒྲུབ་པའི་སླད།།
མཐུ་གཟའ་གདོང་དམར་ནག་རྩུབ་མོ་འདིས།།
སྙིང་རུལ་བའི་སེམས་ནད་ཧྲིལ་གྱིས་སངས།།
བུ་དཔའ་བོའི་དཔའ་རྟགས་འགྲན་མེད་གཏམ།།
ཡུལ་གུང་ཐང་སྟོད་སྨད་གང་སར་འཁྱར།།
ལས་རྣམ་སྨིན་བཙན་པའི་བདེན་ཁ་ལ།།
མཐོ་དཔོན་ངན་དག་ཀྱང་སྙིང་རྩ་འདར།།
དོན་དམ་པ་དེ་ལྟར་ཡིན་ལགས་ཤིང༌།།
སྒྲུབ་ཐག་ཆོད་རྒྱལ་ཁ་ལོན་ན་ཡང༌།།
བསམ་སྦྱོར་བ་རྩུབ་པའི་འགྱོད་གདུང་གིས།།
བློ་སྣེ་མོ་རིམ་པས་ཆོས་ལ་ཕྱོགས།།
ལས་སྐལ་འབྲེལ་སྒྲ་སྒྱུར་མར་པ་རྗེ།།
ཐོག་དང་པོར་མཇལ་པའི་དགའ་སྣང་གིས།།
ཡིད་ཁྱེད་ཤེས་དད་པའི་སྤུ་ལོང་ཞིག།
སེམས་རང་དབང་མེད་པར་རབ་ཏུ་གཡོས།།
རྒྱུ་ནོམ་པ་མང་བའི་འབུལ་བ་ཞིག།
ཁྱིམ་དབུལ་པོའི་བུ་ལ་མི་མངའ་མོད།།
དད་དམ་ཚིག་གཙང་མའི་ཁྱད་ནོར་གྱིས།།
ཡུམ་བདག་མེད་མ་ཡང་དགའ་མགུས་ཚིམས།།
དགྲ་ཉོན་མོངས་འདུལ་བའི་ཉམས་ལེན་དང༌།།
མཆོག་ཐུན་མོང་དངོས་གྲུབ་བརྙེས་པའི་ཕྱིར།།
རྒྱབ་སྒལ་རྨ་ཆགས་པའི་སྡུག་ལས་འོག།
མཁར་མཐོན་པོ་སྲས་མཁར་དགུ་ཐོག་བཞེངས།།
ཕྱི་པགས་པ་གཙབས་ནས་རལ་ཅིང་རྡོལ།།
ནང་ཤ་ཁྲག་དམར་པོ་ཙར་ནའང༌།།
ཆོས་བྱེད་དོ་སྙམ་པའི་ཀུན་སློང་གིས།།
སྡུག་དཀའ་བའི་མཆི་མ་ཁོག་ཏུ་མིད།།
ཡར་གསུམ་བརྩེགས་མར་ལ་གསུམ་བཤིག་སོགས།།
ལན་གྲངས་མང་བླ་མའི་བཀའ་ཆད་བསྒྲུབས།།
ཐུགས་མི་དགྱེས་སྤྲིན་ནག་འཁྲིགས་པའི་སྐབས།།
ཕྱག་རྩུབ་མོའི་རྡོ་ཆར་དབབ་པར་ངེས།།
དབུགས་རྒྱུ་བ་འགག་པའི་རྡེག་རྡུང་དང༌།།
ཐོག་མདའ་མོ་འདྲ་བའི་ཚིག་མཚོན་གྱིས།།
བློ་ཡིད་ཐང་ཆད་དེ་བྲོས་བྲོས་ཀྱང༌།།
ཡུམ་རྗེ་བཙུན་མ་དེས་ཡང་ཡང་བཀུགས།།
ས་རུབ་པའི་ནམ་ལ་ལངས་དུས་སམ།།
ཚོགས་བསགས་པའི་སྒྲིབ་པར་དག་དུས་བཞིན།།
ལོ་ནམ་ཟླ་གྲངས་མེད་བརྒལ་བའི་མཐར།།
ཁོང་མར་པའི་འཛུམ་དཀར་རིམ་གྱིས་འཚེར།།
དུས་དེ་ནས་གདམས་ངག་བདུད་རྩིའི་རྒྱུན།།
དབྱར་སྤང་གི་ཤ་མོ་རྒྱས་རྒྱས་དང༌།།
དགུན་ཁ་བའི་འདབ་ལོ་བབ་བབ་ལྟར།།
བུམ་གང་བྱོའི་ཚུལ་གྱིས་ཕབ་པར་མཛད།།
སེམས་ཞི་བདེའི་ཨ་སྔོན་དབྱིངས་རིམ་ན།།
ཡིད་སྤྲོ་དགའི་འཇའ་ཚོན་བཞད་པའི་རྗེས།།
བློ་ཆོས་ལ་ཕྱོགས་པའི་སྦྲང་ཆར་གྱིས།།
བསམ་ལྷུན་གྲུབ་དགེ་བའི་གཤིན་ས་བརླན།།
ཆོས་ཟབ་མོའི་དམར་ཁྲིད་མང་མང་གིས།།
ཉམས་རྟོགས་པའི་རྩལ་དགུ་རྫོགས་པའི་ཚེ།།
ཁྱུང་དར་མས་ནམ་འཕང་གཅོད་པ་ལྟར།།
དབེན་འབྲོག་དགོན་གང་སར་རང་རྩལ་ངོམས།།
མང་དབུས་གཙང་ཆོས་གྲོགས་དད་འདུས་ཚོར།།
དད་རྫས་འབུལ་བྱེད་ལ་མི་དོ་ཡང༌།།
སྙིང་རུས་པར་བཅུག་པའི་དཀའ་ཐུབ་ཐད།།
འཁོར་རྒྱ་མཚོའི་དབུས་ན་ཁྱེད་ཉིད་ཙམ།།
རང་རྩིས་མེད་བསྟན་པའི་ཞབས་ཏོག་སླད།།
ངན་ཆོས་བརྒྱད་སྲིན་མོའི་རུ་དཔུང་བརྟུལ།།
ལས་སྡིག་སྒྲིབ་སྦྱོང་བའི་དཔའ་བློའི་གདེངས།།
གངས་རྒྱལ་མོའི་རྩ་བ་ལྷིང་དང་མཚུངས།།
བདུད་འཇིག་རྟེན་གཡེང་བར་མ་གཡེངས་པར།།
སེམས་མཉམ་བཞག་བསམ་གཏན་ཉེར་བསྡོགས་ཀྱིས།།
ལམ་བསྐྱེད་རྫོགས་བརྟན་པར་སྒོམ་པའི་མཐུས།།
དོན་མ་ནོར་རྒྱལ་བའི་དགོངས་དོན་རྟོགས།།
སྤྱིར་བླ་མའི་བཀའ་མཆིད་ཟབ་གསལ་ཁར།།
སྒོས་ཉིད་ཀྱི་བརྩོན་པ་རྡོ་འབིགས་ལས།།
ས་ཆུ་ལུད་འཛོམས་པའི་རྟེན་འབྲེལ་བཞིན།།
གཉུག་སེམས་ཀྱི་རྒྱལ་ཐོབ་ཐོལ་གྱིས་ཟིན།།
ལོ་ནམ་ཟླ་བརྗེད་པའི་འཆང་རོལ་ན།།
ལུས་ལྟེ་ཁྲག་འཕོས་པའི་མ་རྒན་དྲན།།
ཆར་ཟིམ་ཟིམ་འབབ་པའི་ཉི་འོད་འོག།
ཤ་རུས་ཞེན་ཟབ་པའི་སྲིང་མོ་འཁོར།།
རྗེ་བླ་མའི་བཀའ་ལུང་ཁྲོལ་བ་ལྟར།།
ཡུལ་ཕ་ཡུལ་བཙོན་རར་སྡོང་བའི་དུས།།
མ་འདས་པའི་རུས་ཀྲང་སྐྱ་བོ་འདིས།།
ཁོག་སྙིང་རླུང་ལྡང་སྟེ་བརྒྱལ་སྙམ་བྱས།།
མཁར་ཟུར་བཞི་ལོགས་བརྒྱད་ཞིག་ཅིང་རལ།།
ཞིང་འོར་མ་གྲུ་གསུམ་འཇག་སྐྱས་འཕྱུར།།
གཉེན་སྲིང་མོ་ལྟོ་གོས་སྤྲང་གྱར་སོགས།།
ཞེ་སྐྱོ་སྐྱོའི་ལྟད་མོ་ཐམས་ཅད་རིག།
གནམ་ཁ་སྦུབས་ལྟ་བུའི་སྡུག་བསྔལ་དང༌།།
ས་གས་འབར་བྱས་འདྲའི་སྐྱོ་ཤས་ཀྱིས།།
ཤི་གསོན་ཐག་གྲུབ་པར་རྩེ་གཅིག་ཏུ།།
དུས་སྐད་ཅིག་མི་གཡེང་གཡར་དམ་བཞག།
སྒོམ་བྱེད་པའི་རྒྱགས་དང་ཆུ་སྡོར་རེ།།
སྦྲ་ཐེམ་པ་རེ་རེ་སློང་བའི་སྐབས།།
གཉེན་དགྲར་ལངས་ཨ་ཁུ་ཨ་ནེ་ཚོས།།
སླར་བརྡེགས་པས་ཚེ་སྲོག་འཆི་ཚད་བྱས།།
དུས་དེ་ནས་གཉེན་གྱི་ཁོ་ཐག་ཆད།།
མ་སྲིང་མོ་མཐོང་མེད་རེ་ཐག་ཆད།།
ཞིང་ཁང་ནོར་ཀུན་ལ་ཞེ་ཆད་པས།།
རྫ་རི་བྲག་ལས་གཞན་ཆགས་ས་བོར།།
ཕ་བླ་མ་ཕུད་པའི་དྲན་བྱ་མེད།།
དོན་སྙན་བརྒྱུད་མིན་པའི་བསམ་བྱ་དབེན།།
སྒོམ་གྲུབ་པ་ལས་ལྷག་མཆོད་བྱ་སྟོངས།།
ཆོས་མི་རྟག་ལས་ཅི་སྒོམ་མེད་གྱུར།།
རང་གཅིག་པུར་རི་དྭགས་རྒྱལ་པོ་བཞིན།།
རི་སྤོ་མཐོའི་རྩེ་མོར་འཚོ་བའི་དུས།།
བརྩེ་དུང་བ་ཟབ་པའི་མཛེས་སེ་ཡིས།།
སྤྲང་ནོར་མེད་པ་ལ་སེམས་གསོར་ལྷགས།།
ལྟོ་སྐྱ་བོས་མནར་བའི་གྲོད་ཁོག་དང༌།།
གོས་ཧྲུལ་པོས་བརྡུང་པའི་ལུས་གོག་གཉིས།།
ཟས་བཅུད་ལེགས་འཕྲད་པའི་རྟེན་འབྲེལ་གྱིས།།
སེམས་བདེ་གསལ་མི་རྟོག་ཉམས་སྣང་རྒྱས།།
བྱ་རི་དྭགས་ཙམ་མེད་རི་ཁྲོད་དུ།།
བྱ་རྒོད་པོས་བྲག་ཐེམ་འཛིན་པ་ལྟར།།
གནས་བཙན་ས་ཟིན་པའི་ངོ་མཚར་གྱིས།།
ཉིན་མཚན་མོའི་སྣང་བ་གཏིང་བརྗེད་སོང༌།།
ལུས་དགེ་སྦྱོར་རྩལ་ཆེན་རྫོགས་པའི་ཚེ།།
རྟགས་གྲུབ་པ་ཐོན་པའི་གདེང་ཚོད་ཀྱིས།།
ཤར་སྨིན་ཁྱུགས་གྲིབ་མ་རྫོང་རི་ནས།།
ནུབ་བྲག་དཀར་རྟ་སོའི་མཁའ་མཐར་འཕུར།།
ལུས་རྫུ་འཕྲུལ་བསྟན་པའི་ལྟད་མོ་ལ།།
མི་ཕལ་ཆེར་ཡ་མཚར་སྐྱེས་གྱུར་ཀྱང༌།།
དགྲ་ཤ་པར་གྱུར་པའི་ཉེ་འདུ་འགའ།།
ཡིད་ཞེ་བཅད་དྲག་པོས་དམོད་མོ་འདེབས།།
དུས་ཡུན་རིང་དབེན་ས་བསྙེགས་པ་ཡིས།།
སེམས་ཆགས་སྡང་རང་བྱུང་རང་ཡལ་སོགས།།
ལྷའི་བདུད་རྩི་ལས་ལྷག་མན་ངག་གིས།།
མཐའ་མུ་མེད་སྲིད་པའི་རྩ་རྩེ་རིག།
དྲིན་བླ་མའི་བཀའ་དྲིན་ངེས་བརྙེད་འོག།
སྤྲང་གདུང་དབྱངས་མགུར་ལ་བཀུགས་ཙ་ན།།
ཡིད་དུངས་པའི་མཆི་མའི་ཆར་རྒྱུན་གྱིས།།
ནགས་ལྗོན་ཤིང་བརླན་པས་ག་ལ་ཚད།།
བཟང་གྲུབ་པའི་མཆོད་པས་ཐུགས་མགུ་ཕྱིར།།
རྡོ་གྲང་མོས་རུས་ཟུག་གཏིང་ནས་བསླངས།།
རླུང་ཤུགས་སྒྲིལ་ཆེན་པོས་བརྡབས་པའི་དུས།།
སྐབས་ལ་ལར་དྲན་ཤེས་འབོར་རིགས་འཕྲད།།
ལུས་ཙོག་པུར་མཐོན་པོའི་བྲག་སྟེང་ནས།།
ཤར་གྲོ་བོ་ལུང་ལ་ཅེར་བའི་ཚེ།།
སྤྲིན་དཀར་པོ་ལྡིང་བའི་འདབས་རོལ་ན།།
ཕ་བླ་མས་གསུང་ཁྲིད་གནང་ཚུལ་དྲན།།
ཡུལ་མི་མེད་དབེན་པའི་བྲག་ཕུག་ཏུ།།
བློ་སྐྱོ་ཆད་དྲག་པོར་བསང་མེད་གྱུར།།
དཔལ་བླ་མ་དུས་གསུམ་སངས་རྒྱས་ལ།།
ཡིད་གདུང་ངེ་བ་ལ་འབྲལ་མེད་ཆགས།།
ཆོག་རབ་ཏུ་ཤེས་པའི་རྩལ་སྦྱོང་ལས།།
ལུས་ཕྱི་ནང་ཟྭ་ཡི་མདོག་ཀར་གྱུར།།
རས་སྲབ་དཀར་གཅིག་གི་གོས་རྐྱང་གིས།།
རླུང་སྐྱི་བསེར་འགོག་པའི་རྩོལ་སྒྲུབ་བསྐྱངས།།
ཁྲིད་ཟབ་མོ་ནཱ་རོ་ཆོས་དྲུག་དང༌།།
གསེར་ཞུན་མ་འདྲ་བའི་གདམས་ངག་གིས།།
གདོན་གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་དག།
འཇའ་ནམ་མཁར་ཡལ་ལྟར་ཤུལ་མེད་བཏགས།།
དུས་དེ་ནས་བཟུང་སྟེ་འཁོར་འབངས་དབུས།།
འདྲེ་ཤ་ཟ་ལ་སོགས་སྲོག་ལྡན་ཀུན།།
ལམ་དཀར་ངོགས་འདྲེན་པའི་མཛད་འཕྲིན་སྤྱི།།
དགུང་ཉི་ཟླའི་འོད་ཀྱིས་འགྲན་ཡ་མིན།།
འཁོར་ཉ་མ་ནམ་མཁའི་སྐར་ཚོགས་ཁྲོད།།
སེང་སྲབ་མེད་མཁའ་ལ་འཕྱོ་འདྲ་བ།།
བུ་རས་ཆུང་དྭགས་ལྷ་སྒམ་པོ་གཉིས།།
ཉམས་རྟོགས་པ་བླ་མའི་དབུ་ལས་མཐོ།།
བློ་རབ་འབྲིང་མང་བའི་སེམས་ཅན་དང༌།།
རྒྱུད་ཡོངས་སུ་དག་པའི་བུ་སློབ་སོགས།།
ལས་སྐལ་བ་ཅན་གྱི་གདུལ་བྱ་སྤྱི།།
མཐར་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད།།
ལས་བཤན་པའི་སྡིག་སྒྲིབ་ཇེ་དྭངས་དང༌།།
ཚོགས་དགེ་སྦྱོར་བོགས་ཐོན་བྱུང་དུས་སུ།།
འཁྲུལ་རྨི་ལམ་བརྡ་ཡི་ལུང་བསྟན་ལས།།
བློ་བག་ཕེབས་མགོ་རྟིང་རྨང་ནས་བསློགས།།
ནོར་མི་རྟག་ལ་ཁའི་ན་བུན་ནམ།།
ཚེ་མི་རྟག་རྩྭ་ཁའི་ཟིལ་པ་སྟེ།།
རྟག་བརྟན་པ་མེད་པའི་འཁོར་བ་འདིས།།
རྗེ་སངས་རྒྱས་འོག་མིན་ཞིང་དུ་བུད།།
ཐུགས་བརྩེ་བའི་བླ་མ་གཤེགས་ཤུལ་དུ།།
བུ་སྡུག་པ་གདམས་ངག་སུ་ལ་ཞུ།།
མ་བཟང་མོ་མཁའ་སྤྱོད་ཞིང་ཕེབས་དུས།།
སྤྲང་དབུལ་པོའི་ལྟོ་གོས་སུ་ལ་རེ།།
ཞེས་བསམ་པའི་མོད་ལ་ཡི་ཐང་ཆད།།
མཚན་ཐོག་ཐག་དུ་མར་མཆི་མ་བསྙིལ།།
དོན་ཆ་འཇོག་དབེན་པའི་འདུ་བྲལ་གྱིས།།
སེམས་དབང་མེད་ངེས་འབྱུང་རླུང་གི་བདས།།
ཡར་མཐོ་རིས་ཐར་པའི་བདེ་བ་དང༌།།
མར་ངན་སོང་གསུམ་གྱི་སྡུག་བསྔལ་ལ།།
རྒྱང་བར་ཁྱད་ཆོད་པའི་གནས་ལུགས་ཀྱིས།།
བར་ཟང་ཟིང་ཆོས་ལ་ཕྱི་ཕྱག་བཙལ།།
བློ་ཐེ་ཚོམ་མེད་པའི་རྟ་ཕོ་ལ།།
དོན་ཐག་གཅོད་ཆེན་པོའི་སྒ་སྲབ་སྤྲད།།
རྩལ་བརྩོན་འགྲུས་ལྕག་གིས་འབྲབ་པའི་མཐར།།
ཆོས་ངེས་དོན་ཐང་ཆེན་ཧར་གྱིས་གཤགས།།
ཕ་ཀུན་བརྩེ་བླ་མས་བྱིན་རླབས་ཤིང༌།།
མ་མཁའ་འགྲོའི་སྡོང་གྲོགས་འདུ་བའི་ཡུལ།།
གྲོགས་མི་མེད་དབེན་གནས་གང་ས་རུ།།
རྐང་མ་བགྲོད་ས་ཞིག་ཧ་ལམ་མེད།།
སྦྱོར་དམན་ས་བཟུང་བའི་དགོས་པ་གཅིག།
གོས་ཧྲུལ་བ་གྱོན་པའི་གོམས་པ་གཉིས།།
ཟས་བྱ་འཚོལ་བྱི་འཚོལ་སྤྲང་པོ་གསུམ།།
བློ་ཕུགས་གཏད་ཆོས་ལམ་ཡིན་པར་གསུངས།།
རང་སེམས་ཉིད་བཏུལ་ནས་ཐུལ་བའི་མཐུས།།
སྒོམ་ཕྱག་རྒྱ་ཆེན་མོའི་རྒྱལ་ཐོབ་ཟིན།།
ས་འདི་ནས་ཕར་བའི་ཕར་ཕྱིན་དེས།།
ཚིག་རྒྱུད་སྡེའི་ཕྱིན་དྲུག་རྫུན་དུ་སྣང༌།།
ཐུགས་ཟག་མེད་བདེ་ཆེན་ནམ་མཁའི་དབྱིངས།།
གསུང་བདེ་མོའི་སྙན་དབྱངས་ཁུ་བྱུག་སྐད།།
སྒོམ་རྩ་རླུང་བདེ་དྲོད་མེ་ལྕེའི་རླབས།།
ཁྱད་འཕགས་ནོར་དུ་མའི་རྒྱན་གྱིས་མཛེས།།
ཡོངས་བྱས་སྤྱོད་ཐམས་ཅད་ཆོས་སྤྱོད་གྱུར།།
སེམས་སྟོང་པ་གཞི་མེད་རྩ་རལ་རིག།
ངག་མགྲིན་པ་མགུར་གླུའི་ཀློང་དུ་རྡོལ།།
ལུས་འཇའ་ལུས་འོད་ཟེར་མདངས་དང་འདྲེས།།
ཚེ་བློས་གཏོང་བྱེད་པའི་བློ་སྤོབས་ཆེ།།
གྱོང་ལྟོ་གོས་གཏམ་གསུམ་རང་ཁུར་རེམ།།
སྒོམ་མི་ཚེ་དང་མཉམ་སྙིང་རུས་ཀྱིས།།
ཚེ་ལུས་གཅིག་ཉིད་ལ་རྫོགས་སངས་རྒྱས།།
བོད་སིལ་བུའི་ཉམས་ཆག་བྱེ་རྡུལ་ཁྲོད།།
དཔལ་ཆོས་སྲིད་འོད་སྣང་ནུབ་ན་ཡང༌།།
སྒོམ་དཀའ་སྤྱད་དྲག་པོའི་བརྩོན་འགྲུས་ཀྱིས།།
ཡང་བསྟན་པའི་མེ་རོ་ཁད་ཀྱིས་གསོས།།
ནང་གྲུབ་མཐའི་འཐབ་རྩོད་རླུང་དམར་ནང༌།།
འབངས་མི་སེར་སྡུག་གིས་མནར་དུས་སུའང༌།།
ཆོས་ཚུལ་བཞིན་སྤེལ་བའི་ཐབས་ཤེས་ལས།།
མི་དམུ་རྒོད་ཕལ་ཆེར་ཕྱིར་ལྡོག་གྱུར།།
ཡོངས་བཀའ་བརྒྱུད་བསྟན་པའི་མངའ་བདག་སྟེ།།
རྗེ་མར་པའི་ཐུགས་རྗེའི་བྱིན་རླབས་ལས།།
ཚེ་གང་བོ་གྲུབ་པར་མཐའ་དཔྱོད་པའི།།
སྲོལ་བཟང་པོའི་བ་དན་ཐོག་མར་བསྒྲེངས།།
ལྷོ་འཛམ་གླིང་གངས་ཀྱི་ར་བ་འདིར།།
ཁྱེད་རྣལ་འབྱོར་མི་ལ་རས་པ་ལ།།
ཡིད་གདུང་བའི་དད་པ་མི་སྐྱེ་མཁན།།
མགོ་ནག་པོའི་ཁྲོད་དུ་ཡོད་རེ་སྐན།།
ལར་སྙིགས་མའི་མི་བཟད་ཟུག་རྔུ་ཡིས།།
ཡིད་རབ་ཏུ་གཙེས་པའི་ལུས་ཅན་ཀུན།།
མགོན་ཁྱེད་ཀྱི་རྣམ་ཐར་མཐོང་གྲོལ་ལ།།
དུས་ནམ་བར་རྩེན་པའི་བཀྲ་ཤིས་ཤོག།།།
རྩོམ་ཁུངས། ངེད་དྲ་བ།