ཁ་བ་དམར་པོ།

ཉ་གང་ཟླ་ཤེལ་གསར་བའི་བཞིན་ལ་བུམ་པའི་མཆུ་སྒྲོས་འཛུམ་པའི་དཔལ།།
ཡིད་འོང་སྨིན་མའི་པད་འདབ་ཡངས་པོར་སྤྱན་ཟུང་བུང་བ་གར་དུ་རྩེན།།
ཟད་མེད་ལང་ཚོའི་མེ་ཏོག་རྒོད་ཅིང་སྙན་མའི་རྒྱུད་མངས་འཛིན་པ་མོར།།
བདེན་དོན་ངག་རིག་སྙེ་མའི་ཁུར་བོ་ཁ་བ་དམར་པོའི་མདངས་ཀྱིས་མཆོད།།

སྲོད་ཀྱིས་མཚམས་སྤྲིན་བྱུ་རུའི་མདངས་འཛིན་ལང་ལོང་གར་གྱི་སྟངས་སྟབས་ཅན།།
སྐྱོ་སྡུག་མཆི་མ་ཆར་དུ་འཇོ་བཞིན་རི་ལུང་བརྒྱུད་ནས་ལྷགས་བྱུང་བས།།
སྙན་ངག་དམར་པོ་ཐིམ་བུར་འཆུ་བཞིན་རང་བློའི་རྒྱགས་ཕྱེར་འཛིན་པ་ངས།།
མགྲིན་པའི་རྫ་རྔ་ཤུགས་ཀྱིས་རྡུང་བཞིན་དགའ་སྐྱོ་འདྲེས་མའི་གཞས་ཤིག་གཏོང༌།།

དགུན་གཞུང་ཁ་བའི་འདབ་མ་རེ་རེ་གྲང་རླུང་དྲག་པོར་བསྡོངས་ནས་འཕུར།།
སློག་པ་སྐྱ་བོའི་གོང་ཁ་དག་ཏུ་རྐང་ལ་ཟུག་པའི་འཁྱག་རླུང་ལྡང༌།།
མི་ཐེག་ལྗིད་པའི་དོག་ཁྲེས་འོག་ན་ལྕུག་ཕྲན་བྱིན་པ་རླུང་གིས་བསྐྱོད།།
བུ་ཆུང་འཁྲེང་བའི་འདྲེན་བྱེད་ལམ་དུ་ཁ་བ་དམར་པོ་ལྷབ་ལྷུབ་འཇོ།།

ས་མཐོའི་ཐུན་མཚམས་གསར་བའི་སྨུག་རྩི་ན་ཆུང་མཁུར་ཚོས་མཛེས་པའི་ཚོན།།
དུས་ཚིགས་འདི་དང་ལྷན་ཅིག་གྲུབ་པའི་ཆོ་ངེའི་རླབས་ཀྱིས་མོག་པོར་བཟོས།།
ཡངས་པའི་མཐོངས་སུ་འོད་དུ་འཚེར་ཞིང་ལྷུག་ལྷུག་དགོད་པའི་རྒྱུ་སྐར་འགའ།།
མི་བཟད་ཟེར་ཕྲེང་ཕྱི་རུ་འདོར་བཞིན་གཅོང་རོང་ཟབ་མོའི་སྦུབས་སུ་ལྷུང༌།།

ཡངས་པའི་རྩྭ་ཐང་སྨུག་ལོང་དབུས་སུ་ཏིང་འཛིན་སྟུག་པོའི་ཚུལ་དུ་གནས།།
ལྷང་ལྷུང་སྒྲ་སྒྲོག་དལ་འབབ་རིང་མོས་ངག་དམ་ལྐུག་པའི་ངང་ཚུལ་འཛིན།།
ཡིད་ཀྱི་ལང་ཚོ་སྐད་ཅིག་སྐད་ཅིག་རྒས་ཤིང་འཁོགས་པའི་རྣ་ལམ་དུ།།
སྟོན་མཇུག་ལོ་མས་ཤུགས་གླུ་གྱེར་ཞིང་མི་བཟོད་གྲང་ལྷགས་ངང་གིས་ལྡང༌།།

ཞི་བདེ་གཤོག་འགྱུར་ངོམ་ལ་བྲེལ་བ་ཕུག་རོན་དགའ་མིའེ་ལང་ཚོའི་དཔལ།།
གཞན་ཡུལ་ནགས་ཀློང་སྟུག་པོ་དང་ནི་གྲོང་དང་གྲོང་ཚོ་བརྒྱུད་ནས་འོང༌།།
དྲི་བཞོན་བུ་མོས་གངས་རིའི་འདབས་སུ་འགྲོས་ལྡན་རྐང་བྲོ་རྡུང་བ་ཡིས།།
རྩི་ཤིང་དག་གིས་མགོ་བོ་དུད་དེ་རྐང་གདུབ་སིལ་སྒྲར་ཉན་ཞིང་གདའ།།

ཁྲག་རྩིའི་སྦུབས་སུ་སྙན་ངག་དམར་པོ་ཤུགས་ཀྱིས་ལུད་པའི་མཚན་མོ་རེར།།
ཁ་བ་དམར་པོའི་ཕྱི་ནང་བསམ་བཞིན་སྐྱོ་བའི་དངན་པས་ཕྲེང་བསྒྲིགས་ཤིང༌།།
ལོ་མ་སེར་པོའི་ལྗང་མདོག་ལོ་རྒྱུས་ཡང་བསྐྱར་གླེང་བིའ་དུས་ཀྱི་ཆར།།
རླུང་གིས་ཁྱེར་བའི་འཇག་མའི་ཤུགས་གླུ་རྣ་བའི་ལམ་དུ་སྐྱོ་ལྷང་ངེར།།

བར་བ་རྒན་པོའི་ཆང་ཕོར་ཁ་རུ་གནས་འགྲོ་བུ་མོའི་ཤུགས་རིང་འཁོར།།
གནག་ཕྱུགས་རྨིག་རྗེསསྟུག་པོའི་ཁྲོད་དུ་མི་རབས་དུ་མའི་འཁྲེང་སེམས་ལྕི།།
ཁབ་མིག་གྲུ་བཞིའི་མིག་ཟུང་བར་ནས་ཡངས་པའི་འཇིག་རྟེན་ག་ལ་མཐོང༌།།
མུན་ནག་ལམ་ནས་ཞར་ལྡིང་བྱས་པས་ཡ་མཚར་གནས་ལུགས་རྟོགས་སྲིད་དམ།།

མུན་ནག་མཚན་མོའི་རུམ་ཁ་མྱུལ་ཏེ་མཐུན་པའི་གོམ་འགྲོས་འཁྱོར་བ་དང༌།།
རྒྱང་རིང་ཉེ་མི་དྲན་པའི་གཤོག་རླབས་ཉི་ཟླའི་མཚམས་སུ་བརྐྱངས་པ་སོགས།།
བགྲོད་པའི་རྐང་རྗེས་གཅིག་ཐོག་གཉིས་བརྩེགས་རི་མོའི་ཟོལ་གྱིས་སྣང་བའི་ཚེ།།
བུ་ཆུང་སྨྲེང་བའི་མིག་གི་རྒྱལ་མོ་རབ་རིབ་མཆི་མས་ཡོངས་སུ་བསྒྲིབས།།

ལྗོང་ཤིང་རྩེ་མོར་ཟླ་བ་གཞོན་ནུས་རྫོགས་པའི་ལང་ཚོ་ཅི་ཡང་ངོམ།།
བདག་གི་ན་ཟུག་བདག་གི་ཚ་གདུང་གངས་རི་དཀར་པོའི་སུལ་དུ་ལྕི།།
གྲོང་དང་གྲོང་མིས་མཚན་མོའི་རྣ་བར་བདེ་བའི་སྔུར་བ་འགྲན་བཞིན་འཐེན།།
བདག་གི་དཔྱིད་དཔལ་བདག་གི་ཁུ་བྱུག་ཉམ་ངའི་ཡུལ་ཕྱོགས་གང་དུ་བཞུད།།

རྩོམ་ཁུངས། མཚོ་སྔོན་པོའི་རྩོམ་རིག་སྒྱུ་རྩལ།༢༠༡༠ དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་དམར་པོ།

2010-05-26 འགར་སྐལ་བཟང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།