དྲན་མགུར་བུང་བའི་མགྲིན་གླུ།
དཔལ་མི་འགྱུར་བརྩེ་ཆེན་ཟླ་ཤེལ་གྱི་རྣམ་སྤྲུལ།།
ཐུགས་ཟེག་མེད་ཡེ་ཤེས་རྟ་བདུན་གྱི་རོལ་བ།།
སྒྱུ་རྣམ་འཕྲུལ་ཀུན་གསལ་གྱུར་ཁྱིམ་ལ་རྩེན་པ།།
བུའི་མོས་གུས་པདྨའི་དགའ་ཚལ་དུ་བཞུགས་ཤིག།
སྐུ་ཞི་དུལ་བསླབ་གསུམ་ཙན་དན་གྱི་མེ་ཏོག།
གསུང་དབྱངས་སྙན་ལེགས་བཤད་རོལ་མཚོ་ཡི་དགའ་བ།།
ཐུགས་མཁྱེན་བརྩེ་ལྷ་ལམ་གུར་ཁྱིམ་གྱི་རང་མདངས།།
ཕ་བླ་མའི་སྐུ་གསུང་ཐུགས་གསུམ་དེ་དྲན་ཨང༌།།
གཞུང་ཐོས་པ་ཆད་མེད་ཉལ་འགྲོ་ཡི་རོལ་བ།།
དོན་བསམ་པ་འདབ་སྟོང་རང་གྲོལ་གྱི་རྩེད་འཇོ།།
སྒོམ་དྲི་མེད་དྭངས་གཙང་དཔྱིད་དཔལ་གྱི་རྣམ་སྤྲུལ།།
ཕ་བླ་མའི་ཐོས་བསམ་སྒོམ་གསུམ་དེ་དྲན་ཨང༌།།
དོན་འཆད་པ་འདོད་འཇོ་སྦྲང་ཆར་གྱི་ བྱམས་པ།།
གནད་རྩོད་པ་འོད་ཀྱི་གཟི་མདངས་ཀྱི་རྩེ་དགའ།།
གཞུང་རྩོམ་པ་དབྱངས་ཅན་དྲུག་འགྱུར་གྱི་བདུད་རྩི།།
ཕ་བླ་མའི་འཆད་རྩོད་རྩོམ་གསུམ་དེ་དྲན་ཨང༌།།
དཔལ་སྤྲོས་བྲལ་ཆོས་དབྱིངས་རང་ཞལ་ལ་མཁས་པ།།
ཚུལ་བསླབ་གསུམ་ཚངས་པའི་མེ་ཏོག་གིས་བཙུན་པ།།
གཞན་ཕན་པའི་མཐའ་བྲལ་ཀུན་བཟང་གི་དགའ་ཚལ།།
ཕ་བླ་མའི་མཁས་བཙུན་བཟང་གསུམ་དེ་དྲན་ཨང༌།།
མཐའ་ཀུན་བྲལ་ཉིན་བྱེད་རྩེ་དགའ་ཡི་ལྟ་བ།།
བདེན་སྤྲོས་བྲལ་ཀུན་གསལ་རང་མདངས་ཀྱི་སྒོམ་པ།།
ཚུལ་ཕྱིན་དྲུག་མཐོ་རིས་དགའ་ཚལ་གྱི་སྤྱོད་པ།།
ཕ་བླ་མའི་ལྟ་སྒོམ་སྤྱོད་གསུམ་དེ་དྲན་ཨང༌།།
ཕྱི་ངུར་སྨྲིག་འོད་ལྔའི་ལང་ཚོ་ཡི་མཛེས་པ།།
ནང་བདེ་སྟོང་ཟག་མེད་སྦྲང་རྩི་ཡི་དགའ་སྟོན།།
དཔལ་གསང་གསུམ་མཐའ་བྲལ་ཆོས་དབྱིངས་ཀྱི་ལྡིང་ཁང༌།།
ཕ་བླ་མའི་ཕྱི་ནང་གསང་གསུམ་དེ་དྲན་ཨང༌།།
གཞུང་མདོ་སྔགས་རིག་པའི་རྗེན་ཞལ་དེ་མཁྱེན་ཞིང༌།།
འགྲོ་རེས་མེད་བརྩེ་བའི་སྤྲིན་དཀར་གྱི་རོལ་བ།།
རིམ་རྣམ་གཉིས་བདེ་སྟོང་འཕྲུལ་བ་ལ་རྩེན་པའི།།
ཕ་བླ་མའི་མཁྱེན་བརྩེ་ནུས་གསུམ་དེ་དྲན་ཨང༌།།
སྐུ་སྨད་སོག་ཤར་རིའི་སྐྱེད་ཚལ་ནས་འཛུམ་ཞིང༌།།
འོད་དཀར་པོའི་རོལ་མཚོ་གངས་རི་ལ་འཁྱུད་པ།།
དཔལ་འདབ་སྟོང་འཛུམ་པའི་དགའ་སྟོན་ལ་རོལ་བའི།།
ཕ་བླ་མའི་ལེགས་མཛད་བདུད་རྩི་དེ་དྲན་ཨང༌།།
སྐུ་ཞི་དུལ་ཚངས་པའི་འོད་ལྔ་དེ་གྱོན་ཏེ།།
གསུང་འགག་མེད་གདུལ་བྱའི་མུན་སེལ་དུ་འཛུམ་པ།།
ཐུགས་འགྱུར་མེད་བདེ་སྟོང་འཕེལ་ཁ་རུ་རྩེན་པའི།།
ཕ་བླ་མའི་སྣང་བའི་མུ་ཁྱུད་དེ་དྲན་ཨང༌།།
ཞྭ་སེར་བོའི་བཙོ་སྦྱངས་གསེར་རི་ཡི་བཞིན་མདངས།།
ཕ་བླ་མའི་ཐུགས་བསྐྱེད་ཟེགས་མ་དང་འགྲོགས་ཚེ།།
དཔལ་རྫོགས་ལྡན་དཔྱིད་ཀྱི་རོལ་བ་ནི་འབར་བའི།།
ཕ་བླ་མའི་ཐུབ་པའི་ཞལ་སྐྱིན་དེ་དྲན་ཨང༌།།
ཕ་བླ་མ་དགའ་ལྡན་ཚིང་ཁམས་སུ་ཕེབས་སོང༌།།
གསུང་ལེགས་བཤད་འོད་ཀྱི་དགའ་སྟོན་དེ་ཡལ་སོང༌།།
ཐུགས་མཁྱེན་བརྩེའི་ཞགས་པར་ཉི་རིང་ནི་བྲལ་རུང༌།།
བུ་མགོན་མེད་སྙིང་ནས་ལྷང་ལྷང་དུ་དྲན་ཨང༌།།
དུས་སྙིགས་མའི་རྒུད་པ་ཕྱོགས་ཕྱོགས་སུ་འབར་འོང༌།།
ཚུལ་ཉོན་མོངས་མཛེས་མས་དུང་དུང་གིས་གཙེས་འོང༌།།
བུ་གར་འགྲོ་གཏོལ་བྲལ་མྱ་ངན་གྱི་ཐང་འདིར།།
ཕ་བླ་མའི་ཐུགས་རྗེས་འོད་སྣང་ཞིག་སྤྲོས་ཨང༌།།
རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།