སྦྲ་ནག་གི་རྣམ་ཤེས།

                                         ——————————བྱམས་ལྡན་གྱི་ཨ་མ་མཆོག་ལ་ཕུལ་བ།
 སྣ་བརྒྱའི་མེ་ཏོག་འཛུམ་གྱིས་བཞད་པ་སྔོན་མོ་སྤང་གི་རྒྱན་དུ་སྒེག།
རྟ་ནོར་ལུག་གི་འཕེལ་ཁ་དར་བས་བདེ་སྐྱིད་ལྷ་ཡི་དཔལ་ལ་འགྲན།།
ལང་ཚོ་སྦྲ་ནག་འདབས་ན་རྒས་པའི་བྱམས་ལྡན་མ་ལོའི་ངང་ཚུལ་དེ།།
བུ་ཆུང་སྙིང་ལ་རྟག་ཏུ་དྲན་པས་སྨྱུ་གུའི་གོམ་ཁ་ཤོག་ངོས་བསྒྱུར།།

ཐོག་མའི་འཇིག་རྟེན་འགྲིམ་པའི་ངུ་སྐད་ཁྱེད་ཀྱི་རྣ་བ་འཁྱིལ་བ་ནས།།
དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་བརྩེ་ཞེན་འཛུམ་གྱིས་རྣམ་ཀུན་བསྐྱངས།།
གང་མཁོ་རྩེད་ཆས་མང་དུ་སྒྲུག་པས་རེ་བ་འབུམ་གྱི་འདོད་བློ་བསྐངས།།
ཞིམ་མངར་ཟས་ཀྱི་བཅུད་ལ་རོལ་དུས་ཐོག་མར་བུ་ཆུང་ལ་ལ་འདྲེན།།

གནག་ཕྱུགས་རྨིག་རྗེས་དུས་ཀུན་འགྲིམ་པའི་ཞབས་སེན་མེ་ཏོག་སྤང་ན་གྲོལ།།
གྲང་རླུང་བུ་ཡུག་གདུག་རྩུབ་ཆེ་ཡང་རང་ཁྱིམ་གྲུ་བཞིར་དྲོད་ཁོལ་རྒྱས།།
ནོར་དང་ལོངས་སྤྱོད་ཐབས་ཀྱིས་བསྡུ་བཞིན་འཚོ་བའི་ཁ་དོག་འོད་ཀྱིས་སྦར།།
ཟས་གོས་ངན་ངོན་རོལ་བའི་ངོགས་སུ་བྱམས་ལྡན་མ་ལོ་སྙིང་ནས་དྲན།།

ལྔ་རིག་ལང་ཚོའི་འགྲུལ་བཞུད་འོག་ནས་ངུར་སྨིག་ཞིང་དུ་རེ་བས་འཁྲེང༌།།
བརྩེ་ཞེན་འཛུམ་གྱིས་རྟག་ཏུ་སྐྱོང་མཁན་བྱམས་ལྡན་མ་ལོ་སྲཔོ་བས་མྱོས།།
ཤེས་རིག་མེ་ཏོག་རླབས་ཀྱིས་འཁྱོམ་པའི་འོད་ཀྱི་ཞིང་ཁམས་སྙེག་པའི་དུས།།
རྔུལ་ཆུའི་ཐིགས་པར་བརྗེས་པའི་ཡོང་འབབ་བུ་ཆུང་འཚོ་བའི་རྐྱེན་དུ་སྦྱར།།

སྒོ་དང་ཁྱིམ་གྱི་ལས་ཀ་ལྕི་མོ་རང་ཉིད་ཁོ་ནའི་ཕྲག་ཏུ་བཞེས།།
མི་གཙང་ལྕི་འདམ་ལྗན་ལྗིན་ཁྲོད་ནས་བགྲང་བྱའི་གཉེར་མ་ཐོད་ལ་བྲིས།།
བྱམས་ལྡན་བརྩེ་བ་དཀར་པོའི་ངོགས་སུ་དགེ་སྦྱོར་ལས་ལ་བྲེལ་ཞིང་བརྩོན།།
གཞན་ཕན་སྒྲུབ་ལ་སེམས་ཤུགས་ལྡན་པ་ཁྱེད་ཀྱི་ལྷད་མེད་གཤིས་ཀ་ཉིད།།

དྲང་ལྡེམ་གཟུགས་གཞིའི་འཁྲི་ཤིང་མཉེན་མོ་མི་རྟག་དུས་ཀྱིས་ནང་དུ་བཀུག།
གནག་སྣུམ་སྐྲ་ལོའི་ལན་བུ་རེ་རེར་དུས་ཀྱི་ཁ་བས་དངུལ་མདངས་བྲན།།
ལས་ཀར་བྲེལ་བའི་གོམ་འགྲོས་མྱུར་མོ་ལོ་ཟླའི་ངོགས་སུ་ཡུན་གྱིས་ལྷོད།།
རྟག་མིན་འཕེལ་འགྲིབ་དུས་ཀྱིས་མནར་བས་ལང་ཚོའི་འོད་སྣང་དལ་གྱིས་འགྲིབ།།

ལྷད་མེད་རེ་འདུན་དྲོད་དུ་འབར་བའི་མཆོག་གསུམ་སྤྱི་བོའི་རྒྱན་དུ་བཀུར།།
ལྷག་བསམ་འོ་མཚོ་འཕྱུར་བའི་རླབས་རྒྱུན་ལྡོག་བཞུར་གཙང་པོའི་རྒྱུན་ལ་འདྲེས།།
བརྩེ་འདུན་མེ་རི་འབར་བའི་ངོགས་ནས་མིང་སྲིང་བཞི་ཡི་འཚོ་སྟངས་སྒོམ།།
བྱམས་ལྡན་བརྩེ་བ་སྟོང་གི་བདག་ཉིད་མ་ཁྱེད་ཚེ་རིང་ལོ་བརྒྱ་ཤོག།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲ་ནག་གི་རྣམ་ཤེས།

2010-08-18 ལྡོང་བསྟན་ཤེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།