དབྱངས་རྟ་དམར་པོ།
ལྷ་གཅིག་ཚངས་པ་ཆེན་པོ་ཟས་གཙང་གི་སྲས་པོ།།
སྒྲིབ་གཉིས་དབྱིངས་སུ་དག་པའི་ནམ་མཁའ་ལ་འཕགས་ཏེ།།
ཁམས་གསུམ་འགྲོ་ལ་སྨན་པའི་བདུད་རྩི་ཡི་བསང་གཏོར།།
བདེན་བཞིའི་ལམ་ནས་འགྲེམས་མཛད་ཁྱོད་ཞབས་སུ་འདུད་དོ།།
ཅི་ཡང་མི་ཤེས་ན་ཆུང་བྱིས་པ་ཡི་དུས་ནས།།
མཚམས་སྤྲིན་བླ་རེ་གཡོ་བའི་གུར་ཁྱིམ་དུ་བསྡད་ཀྱང༌།།
ཟད་ལ་ཉེ་བའི་མི་ཚེར་ཕྱིར་བལྟས་ཤིག་བགྱིས་པས།།
རང་མགོ་རང་གིས་གཡོགས་པའི་མངོན་བློ་ཞིག་འཆར་བྱུང༌།།
ཚུལ་འཆོས་གོས་ལྭ་སྲབ་མོ་དགུ་བརྩེགས་སུ་གྱོན་ནས།།
སྐྱེ་འགྲོར་ཆོས་བཤད་བྱེད་ལ་ནེ་ཙོ་ལྟར་མཁས་ཀྱང༌།།
སུས་ཀྱང་གཅུན་དུ་མེད་པའི་རྣམ་ཤེས་ཀྱི་རྟ་རྒོད།།
ཆགས་སྡང་བྱང་ལམ་གཅོད་པའི་བང་རྩལ་ནི་མི་འདུག།
དབེན་པའི་རི་ལ་བསྡད་ཀྱང་དཀོར་གཟན་གྱི་མཁན་པོ།།
དམའ་མོའི་གྲོང་སྒོར་མྱུལ་ཀྱང་གཡོ་སྒྱུ་ཡི་བྱེད་པོ།།
ནམ་ཡང་དུག་གསུམ་སྒོམ་ཐག་སེ་རལ་དུ་བཅིངས་པའི།།
ང་འདྲ་ཅི་ཙམ་མང་ཡང་འཇིག་རྟེན་གྱི་ཕུང་འདྲེ།།
ནང་ནས་བསྡད་ཚེ་ཕྱི་རོལ་སྣང་བ་ཡིས་བསླུས་ཤིང༌།།
ཕྱི་རུ་ལྷགས་དུས་ནང་གི་བག་ཡངས་དེ་དྲན་བྱུང༌།།
ཕྱི་ནང་གཉིས་སུ་མེད་པའི་བདེ་ཆེན་གྱི་རྐང་སྟེགས།།
མཐའ་བརྒྱད་སྤྲོས་པ་བྲལ་བའི་དབྱིངས་རིམ་དེ་ཡིན་འདུག།
རལ་བའི་ལྕང་ལོ་འཕྱང་བ་ཁྱིམ་འཛིན་གྱི་བུ་རྒོད།།
ངུར་སྨྲིག་ཀློང་དུ་འབྱམས་པའི་བཙུན་གཟུགས་དང་སྔགས་འཆང༌།།
འཚོ་བའི་ལམ་ཕྲན་མི་གཅིག་ཕྱོགས་ཕྱོགས་སུ་བརྐྱངས་ཡང༌།།
ནང་གི་འདོད་ཞེན་ཟབ་མོའི་འགག་འཕྲང་དེ་གཅིག་གོ།།
སུ་ལ་བལྟས་ཀྱང་རང་ཆེ་རྔམ་ཚུགས་ཀྱིས་འགྱིང་ཞིང༌།།
སུ་དང་འགྲོགས་ཀྱང་བསླུ་བྲིད་མདུང་རིང་གིས་ཕིག་འོང༌།།
གང་ནས་བསྡད་ཀྱང་མྱི་ཁ་གཏམ་ངན་གྱིས་འཐག་པའི།།
འཇིག་རྟེན་འཁོར་བའི་ཆོས་ལ་སྙིང་པོ་ནི་མི་འདུག།
འོན་ཀྱང་སྒྱུ་མའི་ལུས་རྟེན་སོག་མ་ཡི་ཕོན་པོ།།
ལྔ་པའི་མེ་རླབས་དྲག་པོས་མ་རེག་གི་བར་དུ།།
གང་དྲན་ཡུལ་ལས་འདས་པའི་འཆར་ཡན་གྱི་སྤྱོད་པས།།
གནས་ལུགས་ཕ་མཐར་གཏུགས་པའི་སྐྱབས་གནས་དེ་འཚོལ་འགྲོ།།
ང་རྒྱལ་སྟག་སེང་འཐབ་པའི་གཡུལ་ངོ་ལ་ཆས་པའི།།
བཀའ་པོད་རྐེད་ལ་བཅིངས་རྣམས་ཡ་མཚན་ནི་མི་འདུག།
ཆོས་ཀྱི་རང་ངོ་ལག་ལེན་ཆུང་རིམ་ནས་འཕྲོད་པའི།།
ཉམ་ཆུང་ཞི་དུལ་ཅན་ལ་གུས་ཕྱག་ཅིག་འབུལ་འདོད།།
ཁོང་ན་དྲག་ཏུ་མཆེད་པའི་ངེས་འབྱུང་ཞིག་མེད་ན།།
བླ་གོས་ཟླུམ་པོར་བགོས་པའི་རྫུ་བག་དེས་ཅི་བྱ།།
མངར་ལ་སྐྱུར་བའི་འཚོ་བའི་ཀློང་རིམ་དུ་ཞུགས་དང༌།།
ནམ་ཡང་འགྱུར་མེད་ངེས་ཤེས་བརྟན་པོ་ཞིག་རྙེད་འོང༌།།
ཅི་ཙམ་བསྟད་ཀྱང་དགའ་བའི་ཁེངས་ཉམས་དེ་མི་དགོས།།
སུ་ཡིས་སྨད་ཀྱང་ཁོང་ཁྲོ་སྐྱེ་དགོས་ནི་མི་འདུག།
ཆོས་བརྒྱད་མི་ཁའི་ལྕགས་རི་རྐང་འོག་ཏུ་བརྫིས་ནས།།
ལུས་སེམས་རང་ལ་དབང་བའི་ཞིང་ཁམས་དེ་འཚོལ་འགྲོ།།
འབད་ཀྱང་ཟིན་དུ་མེད་པའི་ལས་འཕྲོ་ནི་བཅད་ཅིང༌།།
རྣམ་གཡེང་འདུ་འཛི་རྒོད་པའི་འཕྲང་གོག་ཀྱང་བརྒལ་ནས།།
མཛེས་སྡུག་ཞི་བའི་ལྗོངས་སུ་རྒྱུ་བ་ཞིག་བྱུང་ན།།
རྐང་གཉིས་མི་རུ་སྐྱེས་པའི་དོན་སྒོ་རུ་སྣང་ངོ༌།།
ངག་རིག་རླབས་ཀྱིས་དེད་པའི་ལྡོང་ངེ་ཡི་སྨྱོན་པ།།
བྱ་ཁྱུང་རྫ་རི་སྨུག་པོའི་འདབས་རོལ་ནས་ཆས་ཏེ།།
སྲིད་པའི་གྲོང་ཚོ་འབུམ་གྱི་བཞི་མདོ་རུ་ཉལ་བཞིན།།
གང་ཤར་སེམས་ཀྱི་དབྱངས་རྟ་ལབ་བརྡོལ་གྱིས་གཡུགས་བྱུང༌།།
༡༩༩༧ལོཟླ༤པའི་ཚེས༡ཉིན་ཕ་ཡུལ།
རྩོམ་ཁུངས། ཀུ་ཤུ་དམར་པོ།