དཔའ་རྒོད་རྗེས་སུ་དྲན་པའི་གླུ།

རོབ་བོ་སྤོས་དཀར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-05

                                            ________ མཁས་དབང་དགེ་འདུན་ཆོས་འཕེལ་ལ།
མཛེས་སྡུག་ཟླ་བ་སྟོང་གི་དཔལ་འབར་མ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་ཆ་རྫོག་མ།།
ཇི་སྙེད་ཤེས་བྱ་ཅིག་ཅར་རྟོགས་ནུས་མ།།
ངག་རིག་མཁན་པོའི་གཙུག་ཏུ་རྟག་རོལ་ཅིག།
དགེ་ལེགས་ཤེས་བྱ་གྲངས་མེད་རྒྱུ་སྐར་ཚོམ།།
མ་ལུས་གཞལ་ལ་བློ་གྲོས་མཆོག་བརྙེས་པ།།
གྲགས་པ་ཕྱོགས་ཀྱི་བུ་མོའི་རྒྱན་གྱུར་གང༌།།
དྲན་པའི་དབྱངས་རྟ་སྙན་མོ་ཐོལ་གྱིས་འཕྱུར།།
ས་བཟང་གསེར་མོའི་ལྗོངས་ཀྱི་ཡ་རྒྱ་ཡུལ་ཏེ།།
ས་མིང་ཞོ་འོང་ཞེས་པའི་ར་བ་ནས།།
ས་ཐོབ་སེམས་དཔའ་ལྟ་བུའི་ཁྱེད་འཁྲུངས་པས།།
ས་ཡ་དྲུག་གི་སྲོག་ལ་ཟུངས་ཤིག་བསྣན།།
གཞུང་ལུགས་གང་ཡིན་བལྟས་པ་ཙམ་གྱིས་རྟོགས།།
ཚན་རིག་ལག་རྩལ་སྦྱང་བས་འགྲན་ཟླ་བྲལ།།
དྲང་བདེན་གཏམ་གྱི་རིན་ཐང་གསེར་ལས་བྲིན།།
“འཛམ་གླིང་རིག་པའི་དཔའ་བོའི”སྙན་ང་འཕུར།།
གསང་གསུམ་ཡོན་ཏན་རྫོགས་པའི་བརྡ་ཐབས་སུ།།
ཉམས་རྟོགས་གྲུབ་པ་བརྙེས་པ་རྫུན་མིན་ཡང༌།།
ཆོས་བརྒྱད་མཛེས་མའི་གདོང་ལ་མ་ཆགས་ཏེ།།
ཕལ་བའི་སེམས་ལ་གཏམ་རྒྱུད་སྣ་ཚོགས་བྲིས།།
བོད་ཀྱི་སྐད་ཡིག་རིག་གཞུང་ཆོས་ལུགས་དང༌།།
སྟོང་ཕྲག་ལོ་རྒྱུས་ལྡན་པའི་མི་རིགས་ཀྱི།།
རྒུད་པའི་འཚོ་སྟངས་མཐོང་ནས་མ་བཟོད་དེ།།
ཐེག་མིན་ཁྲིམས་ལྕག་གཞུས་པའི་དཔའ་རྒོད་དྲན།།
ཟང་ཟིང་འཁོར་བའི་ཕུན་ཚོགས་རྒྱབ་ཏུ་གཡུག།
མི་སྙན་གཏམ་གྱི་མདའ་མོ་གདོང་གིས་བསུས།།
ཕྲག་དོག་དུག་གིས་ཟིལ་བ་ཆུ་ལ་བསྐུར།།
བཟོད་པའི་ཕར་ཕྱིན་རྫོགས་པའི་སྐྱེས་བུ་དྲན།།
གཞུང་ལུགས་འོ་མའི་མཚོ་ཆེན་ཧུབ་ཀྱིས་འདྲེན།།
རྩོམ་རིག་སྒེག་མོའི་འཕྱང་འཕྲུལ་རྒྱན་དུ་ལེན།།
འདུ་འབྲལ་རྟོགས་པའི་སྐྱོ་གླུ་ཤུགས་ཀྱིས་གྱེར།།
ངེས་དོན་རིག་བྱེད་མཁན་པོ་སྙིང་ནས་དྲན།།
སྙན་མོའི་ཚིག་དང་དོན་གྱིས་སྟོང་ན་ཡང༌།།
དཔའ་རྒོད་རྗེས་སུ་དྲན་པའི་མཆོད་སྤྲིན་ཙམ།།
མི་ལོ་ཉེར་གཉིས་རྫོགས་པའི་ཟླ་མཇུག་ཏུ།།
སེམས་ལ་གང་ཤར་བཅད་མའི་ཚུལ་གྱིས་སྤེལ།།
                                        2003.10.14

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་རྒོད་རྗེས་སུ་དྲན་པའི་གླུ།

2010-08-05 རོབ་བོ་སྤོས་དཀར། ཀློག་གྲངས། མཆན ཡོད།

                                            ________ མཁས་དབང་དགེ་འདུན་ཆོས་འཕེལ་ལ།
མཛེས་སྡུག་ཟླ་བ་སྟོང་གི་དཔལ་འབར་མ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་ཆ་རྫོག་མ།།
ཇི་སྙེད་ཤེས་བྱ་ཅིག་ཅར་རྟོགས་ནུས་མ།།
ངག་རིག་མཁན་པོའི་གཙུག་ཏུ་རྟག་རོལ་ཅིག།
དགེ་ལེགས་ཤེས་བྱ་གྲངས་མེད་རྒྱུ་སྐར་ཚོམ།།
མ་ལུས་གཞལ་ལ་བློ་གྲོས་མཆོག་བརྙེས་པ།།
གྲགས་པ་ཕྱོགས་ཀྱི་བུ་མོའི་རྒྱན་གྱུར་གང༌།།
དྲན་པའི་དབྱངས་རྟ་སྙན་མོ་ཐོལ་གྱིས་འཕྱུར།།
ས་བཟང་གསེར་མོའི་ལྗོངས་ཀྱི་ཡ་རྒྱ་ཡུལ་ཏེ།།
ས་མིང་ཞོ་འོང་ཞེས་པའི་ར་བ་ནས།།
ས་ཐོབ་སེམས་དཔའ་ལྟ་བུའི་ཁྱེད་འཁྲུངས་པས།།
ས་ཡ་དྲུག་གི་སྲོག་ལ་ཟུངས་ཤིག་བསྣན།།
གཞུང་ལུགས་གང་ཡིན་བལྟས་པ་ཙམ་གྱིས་རྟོགས།།
ཚན་རིག་ལག་རྩལ་སྦྱང་བས་འགྲན་ཟླ་བྲལ།།
དྲང་བདེན་གཏམ་གྱི་རིན་ཐང་གསེར་ལས་བྲིན།།
“འཛམ་གླིང་རིག་པའི་དཔའ་བོའི”སྙན་ང་འཕུར།།
གསང་གསུམ་ཡོན་ཏན་རྫོགས་པའི་བརྡ་ཐབས་སུ།།
ཉམས་རྟོགས་གྲུབ་པ་བརྙེས་པ་རྫུན་མིན་ཡང༌།།
ཆོས་བརྒྱད་མཛེས་མའི་གདོང་ལ་མ་ཆགས་ཏེ།།
ཕལ་བའི་སེམས་ལ་གཏམ་རྒྱུད་སྣ་ཚོགས་བྲིས།།
བོད་ཀྱི་སྐད་ཡིག་རིག་གཞུང་ཆོས་ལུགས་དང༌།།
སྟོང་ཕྲག་ལོ་རྒྱུས་ལྡན་པའི་མི་རིགས་ཀྱི།།
རྒུད་པའི་འཚོ་སྟངས་མཐོང་ནས་མ་བཟོད་དེ།།
ཐེག་མིན་ཁྲིམས་ལྕག་གཞུས་པའི་དཔའ་རྒོད་དྲན།།
ཟང་ཟིང་འཁོར་བའི་ཕུན་ཚོགས་རྒྱབ་ཏུ་གཡུག།
མི་སྙན་གཏམ་གྱི་མདའ་མོ་གདོང་གིས་བསུས།།
ཕྲག་དོག་དུག་གིས་ཟིལ་བ་ཆུ་ལ་བསྐུར།།
བཟོད་པའི་ཕར་ཕྱིན་རྫོགས་པའི་སྐྱེས་བུ་དྲན།།
གཞུང་ལུགས་འོ་མའི་མཚོ་ཆེན་ཧུབ་ཀྱིས་འདྲེན།།
རྩོམ་རིག་སྒེག་མོའི་འཕྱང་འཕྲུལ་རྒྱན་དུ་ལེན།།
འདུ་འབྲལ་རྟོགས་པའི་སྐྱོ་གླུ་ཤུགས་ཀྱིས་གྱེར།།
ངེས་དོན་རིག་བྱེད་མཁན་པོ་སྙིང་ནས་དྲན།།
སྙན་མོའི་ཚིག་དང་དོན་གྱིས་སྟོང་ན་ཡང༌།།
དཔའ་རྒོད་རྗེས་སུ་དྲན་པའི་མཆོད་སྤྲིན་ཙམ།།
མི་ལོ་ཉེར་གཉིས་རྫོགས་པའི་ཟླ་མཇུག་ཏུ།།
སེམས་ལ་གང་ཤར་བཅད་མའི་ཚུལ་གྱིས་སྤེལ།།
                                        2003.10.14

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།