ཀ་རྩོམ་སྦྲང་ཆུང་གཤོག་གླུ།
ཀ་ར་བུ་རམ་ཀུ་ཤུ་ལ་སོགས་ཀུ་ཅོ་སྒྲོག་པའི་ཞོར་དུ་ཟ།།
ཁ་བའི་རིག་གཞུང་ཁ་བྱང་ཙམ་ཡང་ཁ་ཡ་མེད་པའི་ཁ་ཅིག་གིས།།
ག་ས་གང་ནས་ག་ལོག་ཚིག་གིས་གད་མོ་དགོད་པའི་ངང་ཚུལ་ལ།།
ང་ཡི་སེམས་ཀྱི་འཆར་སྣང་རི་མོ་ང་འདྲའི་གྲོགས་ཀྱི་སྙན་དུ་གསོལ།།
ཅ་ཅོ་སྨྲ་མཁས་ནེ་ཙོ་འགའ་ཞིག་ཅ་དག་ཕྱི་ཚུལ་མཚར་ནའང༌།།
ཆ་མེད་མི་ཡི་ཆ་ལུགས་མཐོང་ན་ཆ་བྱད་ནགས་ཀྱི་སྤྲེའུ་ཟླ།།
ཇ་ཡུན་ཙམ་ཡང་ཇ་ཆང་འཐུང་འདོད་ཇ་ཤིང་ཁུར་བའི་ཚོང་བ་བཞིན།།
ཉ་ཉོག་མང་བའི་ཁྲོམ་སྲང་ཉུལ་དུས་ཉྭ་ཤ་མཐོང་ནས་ཁ་ཆུ་བཞུར།།
ཏ་ལེན་ཁུར་བའི་འབྲོག་པ་ཕར་ཞོག་ཏ་ཟིག་འགྲིམས་མཁས་སློབ་ཆེན་པ།།
ཐ་ཤལ་སྤྱོད་པ་ཐན་བལྟས་མང་པོ་ཐ་མ་ཁ་ལ་ལོབས་པ་བཞིན།།
ད་ར་འཐུང་ཞོར་འབྲི་མོར་དམོད་པའི་ད་ལྟའི་དུས་ཀྱི་སྣང་ཚུལ་ནི།།
ན་ལེ་ཤམ་ནི་ན་རྩྭར་འཁྲུལ་བའི་ན་ཁུང་ནང་གི་སྦལ་བ་བཞིན།།
པ་སངས་མདངས་ཀྱི་མཛེས་ཉམས་ལྡན་པ་པདྨ་ཁོ་ནའི་དཔལ་མ་ཡིན།།
ཕ་རོལ་བསླུ་བའི་བསམ་བློ་ངན་པར་ཕ་ལམ་འབིག་གིས་གཤགས་བཅོས་མཁོ།།
བ་དན་གཡོ་བའི་བོད་པའི་རིག་གནས་བ་སོ་བཞིན་དུ་རྩ་ཆེ་ཡང༌།།
མ་རྩ་མེད་པའི་མ་ནང་སྐོར་ཞིག་མ་མགལ་བྲལ་བའི་མ་ཧེ་བཞིན།།
ཙ་ན་ཡིན་ཡང་ཙི་གུ་ལྟ་བུར་ཙི་ནའི་ཡུལ་ན་ཧམ་རྒྱུགས་བྱེད།།
ཚ་སྒོག་མེད་པའི་ཚོད་མ་ཟ་བ་ཚངས་སྤྱོད་པ་ཡི་རྟགས་སུ་གྲུབ།།
ཛ་ཡའི་གསུང་རབ་ངག་ན་མཛེས་ཀྱང་ཛ་དྲག་ང་རྒྱལ་སེམས་ན་འཕྱུར།།
ཝ་ར་ནཱ་སའི་རིན་བྲལ་སྣོད་བཅུད་ཝ་འདྲེ་མིག་གི་དགྲ་རུ་འཁུམས།།
ཞ་ཉེ་ཇི་བཞིན་ལ་ཉེ་མེད་པར་ཞྭ་མདོག་གྲུབ་མཐའ་རྩོད་པ་ལས།།
ཟ་འཕྲུག་ལངས་སར་ཟོར་བ་བཟུང་ནས་ཟ་རྐོང་ཡིན་མིན་བརྟག་ན་དགའ།།
འ་འུར་མི་སྒྲོག་འུག་པ་བཞིན་དུ་བདེན་པའི་ལས་ལ་གནོད་བྱེད་པ།།
ཡ་མ་ཟུང་གི་ཡ་བོ་ཞིག་ལས་ཡ་རབས་དམ་པ་ག་ལ་ཡིན།།
ར་ཆུར་བལ་ཕྲུག་བཟོ་རྩལ་མངའ་བའི་ར་ལུག་མོད་པའི་ཡུལ་གྲུ་ན།།
ལ་ལུང་རྩོད་པའི་ལ་རྒྱ་སྒྲོག་པ་སུ་ཡིས་གནང་བའི་ལས་སྐལ་ཡིན།།
ཤ་ཉེ་སྤུན་ཟླ་ཤ་ཟར་གྱུར་པས་ཤ་འཁོན་ཡོད་པ་ཤ་སྟག་རེད།།
ས་ལེ་སྦྲམ་ནི་ས་འོག་གང་ཡོད་ས་སྲོད་དུས་སུ་མཐོང་བར་དཀའ།།
ཧ་ཧའི་རྩེད་དགོད་ཧ་ཅང་མང་པོ་ཧ་ལམ་ང་ཡི་གཤིས་སུ་གྲུབ།།
ཧ་ཡང་གོང་ཆུང་ཧ་ལོ་བཞིན་དུ་ཧམ་པ་ཅན་ལ་མི་མཁོ་རུང༌།།
ཨ་མདོའི་བུ་ངས་ཨ་ཉོག་གཏམ་ཞིག་ཨ་རག་ཞོར་དུ་བྲིས་པ་འདི།།
ཨ་རོག་གྲོགས་པོ་ཨ་ཚ་བྱེད་ན་ཨམ་གཙིགས་བསྡོམས་པའི་རྒྱུ་རུ་གྱུར།།
རྩོམ་ཁུངས། ངེད་དྲ་བ།