སེམས་པ་དམར་པོ།
འཇིག་རྟེན་གཡོ་དང་སྒྱུ་མའི་སྟེགས་བུ་ན།།
ཡིད་སེམས་རླུང་གིས་དེད་པའི་སྡོང་ལོ་ཞིག།
ཁྲ་ཁྲ་རིག་རིག་མོད་པའི་ས་ཆེན་ནས།།
ཆུ་བུར་མིག་ལ་ཡ་མཚན་མང་དུ་འབྱུང༌།།
སྐྱིད་ན་སྐྱིད་ཀྱི་ཧབ་དགོད་སྒྲོག་ལ་བྲེལ།།
སྡུག་ན་སྡུག་གི་མིག་ཆུ་གཏོང་ལ་འབད།།
བདེ་སྡུག་མཐོ་དམན་སྒང་གཤོང་མང་དྲགས་པས།།
རྡོག་སྣེ་གང་ལ་གཏད་ཀྱང་ཞེད་སྣང་འཁོར།།
ཡོད་ཚད་བདེ་བར་རྒྱུགས་པ་ཚད་མས་གྲུབ།།
བདེ་བ་དགྲ་ལྟར་གཞོམ་པའང་ཚད་མར་ངེས།།
དགྲ་གྲོགས་གོ་འཛོལ་རྒྱུག་པའི་འཁོར་བ་འདི།།
སེམས་པའི་ངུ་ཟུག་འཐེན་པའི་གཡུལ་ས་ཞིག།
འཇིག་རྟེན་འདི་ནས་སྐྱིད་རབ་ཁ་ཅིག་ཟེར།།
ས་ཆེན་འདི་ནས་སྡུག་རབ་འགའ་ཞིག་གླེང༌།།
མ་ངེས་སྣང་བ་མོད་པའི་མངར་སྐྱུར་ཁྲོད།།
དབུ་མའི་ལམ་ཆེན་འདེད་པ་དཀོན་སོ་ལོ།།
ཚ་ན་ཚ་བའི་སྡུག་བསྔལ་ཆེ་སྐད་བརྗོད།།
གྲང་ན་གྲང་བའི་གདུང་བ་ཁ་རུ་འབྱིན།།
ཚ་གྲང་འདུ་བ་སྙོམས་པའི་ཁ་བར་ན།།
མགོ་ནག་མི་འདི་ས་འབུ་སྨྱོན་པ་བཞིན།།
ཤི་ཡང་གར་འགྲོ་མ་ངེས་དྲན་རིག་བོར།།
གསོན་ཡང་དུག་གསུམ་མ་ནོན་མི་ཚེ་ཟད།།
རྨོངས་མུན་སྟུག་པོས་བཏུམས་པའི་ལུས་པོ་འདི།།
འདི་ཕྱིའི་སོ་མཚམས་བར་གྱི་ཐོ་ཡོར་ཞིག།
སྐྱེ་འཆི་རེས་ཀྱིས་འཁོར་བ་མིག་གིས་ཟིན།།
བདེ་སྡུག་སྣང་བ་ཅི་འབྱུང་མྱོང་བས་གྲུབ།།
དེ་ལྟ་ན་ཡང་རྟག་འཛིན་མེ་དཔུང་གིས།།
ང་དང་ཁྱོད་ཀྱི་ཀུན་རྟོག་ཐལ་བར་བསྲེགས།།
རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།