དཔའ་རྒོད་རྗེས་སུ་དྲན་པའི་གླུ།

ཀླུ་ཚང་སྨྱུག་གསར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-30

                                                         _______པན་ཆེན་སྐུ་ཕྲེང་བཅུ་བར་ཕུལ།
དུས་གསུམ་མགོན་པོ་རྐང་གཉིས་གཙོ་བོ་མཆོག།
རིག་པའི་མཐུ་བོ་ཆེ་དང་བདེ་གཤེགས་བདུན།།
ཚངས་པར་སྤྱོད་དང་མཚོ་བྱུང་ལྷ་མོ་སོགས།།
བླ་མ་བརྒྱུད་དང་སྲུང་མས་སྡོངས་གྲོགས་མཛོད།།

མཁའ་འགྲོ་སྡེ་བཅས་འཇའ་ཡི་གུར་ཁྱིམ་དུ།།
ཁྱེད་སྐུ་ཡང་སྲིད་ཉི་གཞོན་འཛུམ་པའི་དུས།།
དད་གདུང་འོ་མཚོ་འཕྱུར་བའི་ཞིང་གི་མཆོག།
གདོང་དམར་སྙན་པ་འཕུར་བའི་རིགས་སུ་འཁྲུངས།།

པཎ་ཆེན་མཚན་སྙན་ལྷ་ཡི་རྔ་བོ་ཆེ།།
མཁའ་དབྱིངས་སྤྲིན་གྱི་ལྕུག་མས་རྡུང་བ་ན།།
ས་གསུམ་སྐྱེ་རྒུའི་མོས་གུས་མདོངས་མཐའ་ཅན།།
ཟད་མེད་དགའ་བདེས་ཡོངས་སུ་བཟི་བར་གྱུར།།

སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ།།
ཞ་བས་སེན་འོད་ཆགས་པདྨའི་མཛེས་པ་ཅན།།
འགྲོ་ལ་རིས་མེད་གཟིགས་པའི་གཟི་བྱིན་གྱིས།།
དད་ལྡན་འཛུམ་པའི་འོད་དཀར་ཅི་ཡང་བཀྲ།།

གནས་བཅུའི་ཆུ་གཏེར་རྒྱས་པའི་ཀློང་ཡངས་སུ།།
སྙིང་བཅུད་ནོར་བུ་ལེན་ལ་ཐོགས་མེད་པ།།
ཉམ་ཐག་འགྲོ་ཀུན་སྐྱོབ་པའི་མགོན་པོ་ཁྱེད།།
སྟོང་ཉིད་ཐུགས་རྗེའི་ཀླུང་ལ་རང་དབང་ཐོབ།།

མཁས་ཤིང་མཛངས་པའི་ཡོན་ཏན་དཔག་མེད་པས།།
ཙི་ནའི་ཁབ་ཏུ་གདན་ཞུས་ཆོ་ལོ་ཐོབ།།
མི་འཇིགས་བརྟུལ་ཞུགས་རྡོ་རྗེ་རྩེ་བརྒྱ་བས།།
མ་རུང་བདུད་ཚོགས་མུན་པའི་ཕ་མཐར་སྤྱུགས།།

མཛད་རྗེས་ངོ་མཚར་གནོད་སྦྱིན་དཀྲུགས་བྱེད་པ།།
བཀའ་ལུང་རྣོན་པོ་རྡོ་རྗེ་གྲུ་ཆར་གྱིས།།
བསིལ་ལྗོངས་ཡུལ་ལ་དངོས་གྲུབ་ལེགས་བསྩལ་ཀྱང༌།།
ལས་ངན་འགྲོ་བ་འགའ་རེས་ལོག་པར་འགྲེལ།།

ཡུལ་ཆོས་བདེ་འཐུང་འོད་ཀྱི་རྩེ་དགའ་ཡིས།།
ཁ་བའི་རྣམ་ཤེས་བཟི་བའི་ཟློས་གར་གང༌།།
གངས་རིའི་ཀློང་དུ་འཁྲབ་པར་རྩོམ་པའི་ཚེ།།
བསོད་ནམས་ཞིང་གི་མགོན་པོའི་རྒྱུ་བ་འགགས།།

འཆར་ནུབ་རེས་ཀྱིས་ཁུར་བ་ལྔ་ཟུང་གིས།།
ཆོས་ཀྱི་ཞིང་དུ་གཤེགས་པའི་བཀོད་པ་བསྡུས།།
སྙིགས་མའི་མི་ལ་བསོད་ནམས་དམན་པའི་མོད།།
ལེགས་བྲིས་དཔལ་གྱི་བདག་པོ་སླེབས་སམ་སྙམ།།

མི་ཕྱེད་དད་པའི་གདུང་ཤུགས་མེ་ཡི་རླབས།།
སྙིང་ལ་འབར་བའི་ན་ཟུག་དྲག་པོའི་རིགས།།
དུས་མཐའི་མེ་བཞིན་གསོད་པར་མི་ནུས་པ།།
བདེན་པའི་ཀླུང་ནས་ཡེ་ཤེས་སྤྱན་གྱིས་གཟིགས།།

རེས་མེད་བྱམས་པའི་སྙོམས་འཇུག་བཟོད་སྒོམ་གྱིས།།
མུན་པའི་གླིང་འདིའི་མགོན་དུ་སླར་ཡང་ཤར།།
མི་ཕམ་ཞིང་དུ་རྒྱལ་སྲས་ཐུ་བོ་བ།།
ཟླ་བ་གཞོན་ནུ་མིག་གི་གསོས་སུ་སྨིན།།

ཡང་སྲིད་ཆོས་ཀྱི་ནགས་ཀློང་མཱ་ལ་ཡར།།
ཤིང་མཆོག་ཙན་དན་དྲི་བསུང་རབ་འཐུལ་ཞིང༌།།
དོན་དམ་བདེན་པའི་ལུགས་གཉིས་ལྷུར་བླངས་ནས།།
གདུལ་བྱ་རྗེས་སུ་འཛིན་པའི་སྲོལ་ཟུངས་ཤིག།

ཆོས་གོས་གསུམ་གསོལ་ངུར་སྨིག་འཛིན་པ་ཅན།།
ལུགས་གཉིས་སྟོན་ལ་སུན་པ་དང་བྲལ་བ།།
བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།།
འགྲོ་དོན་དགོངས་ལ་ཇི་སྲིད་བཞུགས་གྱུར་ཅིག།

སྐྱིད་སྡུག་ངེས་མེད་རླུང་བུས་རབ་རྡུང་ཞིང༌།།
ཚེ་མཐར་མ་སོན་ལུས་པའི་ཉོན་མོངས་པས།།
སྐྱོ་ངལ་འཐོར་རླུང་སྡུག་གི་སྦུད་པ་ལས།།
གདུང་ཡུས་དུས་མཐའི་ཤུགས་གླུ་དབང་མེད་ཤོར།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་རྒོད་རྗེས་སུ་དྲན་པའི་གླུ།

2010-07-30 ཀླུ་ཚང་སྨྱུག་གསར། ཀློག་གྲངས། མཆན ཡོད།

                                                         _______པན་ཆེན་སྐུ་ཕྲེང་བཅུ་བར་ཕུལ།
དུས་གསུམ་མགོན་པོ་རྐང་གཉིས་གཙོ་བོ་མཆོག།
རིག་པའི་མཐུ་བོ་ཆེ་དང་བདེ་གཤེགས་བདུན།།
ཚངས་པར་སྤྱོད་དང་མཚོ་བྱུང་ལྷ་མོ་སོགས།།
བླ་མ་བརྒྱུད་དང་སྲུང་མས་སྡོངས་གྲོགས་མཛོད།།

མཁའ་འགྲོ་སྡེ་བཅས་འཇའ་ཡི་གུར་ཁྱིམ་དུ།།
ཁྱེད་སྐུ་ཡང་སྲིད་ཉི་གཞོན་འཛུམ་པའི་དུས།།
དད་གདུང་འོ་མཚོ་འཕྱུར་བའི་ཞིང་གི་མཆོག།
གདོང་དམར་སྙན་པ་འཕུར་བའི་རིགས་སུ་འཁྲུངས།།

པཎ་ཆེན་མཚན་སྙན་ལྷ་ཡི་རྔ་བོ་ཆེ།།
མཁའ་དབྱིངས་སྤྲིན་གྱི་ལྕུག་མས་རྡུང་བ་ན།།
ས་གསུམ་སྐྱེ་རྒུའི་མོས་གུས་མདོངས་མཐའ་ཅན།།
ཟད་མེད་དགའ་བདེས་ཡོངས་སུ་བཟི་བར་གྱུར།།

སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་དུ།།
ཞ་བས་སེན་འོད་ཆགས་པདྨའི་མཛེས་པ་ཅན།།
འགྲོ་ལ་རིས་མེད་གཟིགས་པའི་གཟི་བྱིན་གྱིས།།
དད་ལྡན་འཛུམ་པའི་འོད་དཀར་ཅི་ཡང་བཀྲ།།

གནས་བཅུའི་ཆུ་གཏེར་རྒྱས་པའི་ཀློང་ཡངས་སུ།།
སྙིང་བཅུད་ནོར་བུ་ལེན་ལ་ཐོགས་མེད་པ།།
ཉམ་ཐག་འགྲོ་ཀུན་སྐྱོབ་པའི་མགོན་པོ་ཁྱེད།།
སྟོང་ཉིད་ཐུགས་རྗེའི་ཀླུང་ལ་རང་དབང་ཐོབ།།

མཁས་ཤིང་མཛངས་པའི་ཡོན་ཏན་དཔག་མེད་པས།།
ཙི་ནའི་ཁབ་ཏུ་གདན་ཞུས་ཆོ་ལོ་ཐོབ།།
མི་འཇིགས་བརྟུལ་ཞུགས་རྡོ་རྗེ་རྩེ་བརྒྱ་བས།།
མ་རུང་བདུད་ཚོགས་མུན་པའི་ཕ་མཐར་སྤྱུགས།།

མཛད་རྗེས་ངོ་མཚར་གནོད་སྦྱིན་དཀྲུགས་བྱེད་པ།།
བཀའ་ལུང་རྣོན་པོ་རྡོ་རྗེ་གྲུ་ཆར་གྱིས།།
བསིལ་ལྗོངས་ཡུལ་ལ་དངོས་གྲུབ་ལེགས་བསྩལ་ཀྱང༌།།
ལས་ངན་འགྲོ་བ་འགའ་རེས་ལོག་པར་འགྲེལ།།

ཡུལ་ཆོས་བདེ་འཐུང་འོད་ཀྱི་རྩེ་དགའ་ཡིས།།
ཁ་བའི་རྣམ་ཤེས་བཟི་བའི་ཟློས་གར་གང༌།།
གངས་རིའི་ཀློང་དུ་འཁྲབ་པར་རྩོམ་པའི་ཚེ།།
བསོད་ནམས་ཞིང་གི་མགོན་པོའི་རྒྱུ་བ་འགགས།།

འཆར་ནུབ་རེས་ཀྱིས་ཁུར་བ་ལྔ་ཟུང་གིས།།
ཆོས་ཀྱི་ཞིང་དུ་གཤེགས་པའི་བཀོད་པ་བསྡུས།།
སྙིགས་མའི་མི་ལ་བསོད་ནམས་དམན་པའི་མོད།།
ལེགས་བྲིས་དཔལ་གྱི་བདག་པོ་སླེབས་སམ་སྙམ།།

མི་ཕྱེད་དད་པའི་གདུང་ཤུགས་མེ་ཡི་རླབས།།
སྙིང་ལ་འབར་བའི་ན་ཟུག་དྲག་པོའི་རིགས།།
དུས་མཐའི་མེ་བཞིན་གསོད་པར་མི་ནུས་པ།།
བདེན་པའི་ཀླུང་ནས་ཡེ་ཤེས་སྤྱན་གྱིས་གཟིགས།།

རེས་མེད་བྱམས་པའི་སྙོམས་འཇུག་བཟོད་སྒོམ་གྱིས།།
མུན་པའི་གླིང་འདིའི་མགོན་དུ་སླར་ཡང་ཤར།།
མི་ཕམ་ཞིང་དུ་རྒྱལ་སྲས་ཐུ་བོ་བ།།
ཟླ་བ་གཞོན་ནུ་མིག་གི་གསོས་སུ་སྨིན།།

ཡང་སྲིད་ཆོས་ཀྱི་ནགས་ཀློང་མཱ་ལ་ཡར།།
ཤིང་མཆོག་ཙན་དན་དྲི་བསུང་རབ་འཐུལ་ཞིང༌།།
དོན་དམ་བདེན་པའི་ལུགས་གཉིས་ལྷུར་བླངས་ནས།།
གདུལ་བྱ་རྗེས་སུ་འཛིན་པའི་སྲོལ་ཟུངས་ཤིག།

ཆོས་གོས་གསུམ་གསོལ་ངུར་སྨིག་འཛིན་པ་ཅན།།
ལུགས་གཉིས་སྟོན་ལ་སུན་པ་དང་བྲལ་བ།།
བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།།
འགྲོ་དོན་དགོངས་ལ་ཇི་སྲིད་བཞུགས་གྱུར་ཅིག།

སྐྱིད་སྡུག་ངེས་མེད་རླུང་བུས་རབ་རྡུང་ཞིང༌།།
ཚེ་མཐར་མ་སོན་ལུས་པའི་ཉོན་མོངས་པས།།
སྐྱོ་ངལ་འཐོར་རླུང་སྡུག་གི་སྦུད་པ་ལས།།
གདུང་ཡུས་དུས་མཐའི་ཤུགས་གླུ་དབང་མེད་ཤོར།།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།