སྙན་ཚིག་མཆོད་པའི་གངས་རྒྱན་མེ་ཏོག
བརྟན་གཡོའི་མཛེས་སྡུག་མཐའ་དག་གཅིག་བསྡུས་དྲི་བྲལ་སྐྱེ་མཆེད་གཙང་མའི་སྐུར།།
སྲིད་གསུམ་ལས་རྒྱལ་སྒེག་ལྡན་ལྷ་མོའི་ཟླ་བ་སྟོང་ཕྲག་བརྩེགས་པའི་བཞིན།།
མཆུ་སྒྲོས་རྩ་ལག་བིམ་པའི་མདངས་འཁྱུད་གངས་རིའི་གཟི་འཕྲོག་ཚེམས་ཕྲེང་དཀར།།
སྨིན་ལེགས་འཁྲི་ཤིང་འཁྱོག་པོར་གཡོ་བའི་དབྱངས་ཅན་མགྲིན་པའི་དཔལ་ལ་བྱོན།།
རྨད་བྱུང་ཕུན་ཚོགས་ལེགས་བྱས་བརྒྱས་བསྟེན་སུམ་རྩེན་དེ་ཝའི་གྲོང་ཁྱེར་དུ།།
རྩོམ་ཡིག་དཔལ་གོས་སྒེག་པའི་དོག་པ་ཚངས་སྲས་རིག་པའི་གསེར་ལྡན་མར།།
རྟག་བརྟན་ཐེར་གཟུགས་ལྷག་བསམ་སྙིང་སྟོབས་རྡོ་རྗེ་ཁམས་སུ་རྒྱས་པའི་གར།།
སྙན་ཚིག་གསར་པའི་གངས་རྒྱན་མེ་ཏོག་འཛམ་གླིང་མཛེས་པའི་རྒྱན་དུ་བསྐྲུན།།
དེ་ལྟའི་འཚོ་བ་གསར་བའི་ཀླུང་ཆེན་སྨྲ་དབང་མཁས་མང་མན་ངྷ་རས།།
ཐབས་མཁས་སྒྱུ་འཕྲུལ་བསྲུབས་པ་ལས་སྐྱེས་དོན་བཟང་སྙིང་བོ་ལུད་པའི་གར།།
དབྱངས་ཅན་རྒྱུད་སྟོང་གདངས་དང་སྡེབ་པའི་གནའ་དེང་བཅད་ལྷུག་སྤེལ་མ་ཡི།།
སྙན་རྩོམ་རིག་པའི་བདུད་རྩིའི་མཆོད་ཡོན་ངོ་མཚར་རྒྱ་མཚོ་འདི་ནི་ལུད།།
སྟོང་ཆེན་མཐའ་བྲལ་ལྷ་ལམ་ཡངས་པོའི་མཐོངས་སུ་བགྲོད་པའི་མཁའ་ལྡིང་བཞིན།།
གཙུག་ལག་རིག་པའི་སྟེང་འཐུང་འཛུམ་པའི་མཁྱེན་དཔྱོད་བསྒྲུན་ལ་རྟོག་གེ་འབུམ།།
རིག་རྩོམ་གསར་བའི་ལི་ཤིའི་དྲི་བསུང་རྣམ་དཔྱོད་ཐིག་ལེའི་བཅུད་ཆགས་པའི།།
དབྱངས་རིག་རྒྱལ་མོའི་མཛོད་ལ་འཁྲེན་པ་ཟླ་བ་གཞོན་ནུ་མཁའ་ལས་འཛུམ།།
ས་ལཱའི་སྨན་ལྗོངས་མུ་ཁྱུད་ཤེལ་གྱི་གདངས་དཀར་གཟི་བྱིན་སྟོང་འབར་བས།།
རྒྱ་ཆེན་གནས་ཀྱི་བརྗོད་བྱའི་རི་མོ་སྒྲ་དོན་ཕྲ་བཀོད་ཉེར་སྤུད་དེ།།
སྒྱུ་རྩལ་སྟོང་གི་འོད་རྣོན་མཛེས་སྡུག་སྲིད་ཞིའི་བླ་ན་འབར་བའི་ཁམས།།
རིས་བྲལ་སྐྱེ་དགུའི་མངལ་དུ་སྦྲུམ་པའི་ངག་རིག་བལ་སྲོག་རྟེན་དུ་གྲུབ།།
བཻཌཱུར་ཞུན་མའི་ཆབ་ཀྱིས་ཟུངས་བསྐྱེད་གཙུག་ལམ་དཔལ་དུམ་དཀར་པོའི་ལྗོན།།
དཔྱད་གསུམ་དག་པའི་རླུང་ཤུགས་ཀྱིས་བསྐྱོད་བསླབ་སྟོན་དྲི་བསུང་རབ་རྒྱས་པས།།
ཤེས་རིག་དགའ་ཚལ་སྒེག་པའི་སྡིངས་ཀར་ཁ་ཕྱོགས་བརཨ་བའི་སློབ་མ་དང༌།།
རྙིང་ཞེན་མཁྲེགས་འཛིན་ལམ་དུ་བཀྲི་བའི་རིག་བྲལ་མེས་པོར་གཞེན་སྐུལ་ཐེབས།།
དེ་ལྟར་ལེགས་བྱས་དཔལ་ཡོན་མངོན་བཞད་སྡེ་བཞི་ལན་གསུམ་འབབ་པའི་རྒྱུན།།
གསེར་ལྡན་མ་མར་གཡང་དུ་འཁྱིལ་བའི་ངོ་མཚར་དགེ་མཚན་བྱེ་བའི་གཟུགས།།
འདྲེན་བྱེད་ཟླ་བ་གཞོན་ནུས་བཟུང་ཚེ་མགྲིན་པ་ལོངས་སྤྱོད་འཁོར་ལོའི་གྲོང༌།
དད་གསུམ་སྤྲིན་དཀར་རོལ་བའི་ཀློང་ནས་ངག་རིག་མཆོད་གཡོ་ཅནཨན་རླབས་ཀྱིས་རྩེན།།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།