དུར་ཁྲོད་ན་བཞུར་བའི་སྙན་ངག
ཉི་མའི་གས་ཆག་རླུང་ལ་ཡན།།
ཡིད་ཀྱི་ལྷ་སྒྲུང་སྨུག་པས་འཛིན།།
ཁ་བའི་མདངས་ཀྱང་ཧ་ཅང་ནག།།
མཆི་མ་འདི་ནི་སུ་ལ་འཐོར།།
མཁར་གྱི་གདང་ཁ་འཛིན་པའི་བྱ།།
མུན་པའི་མཚམས་འདིར་རྒས་པ་སླ།།
ལས་ཀྱི་གོད་ཆག་རྒུམ་པ་ཡང།།
འཛད་མེད་བདེ་བ་གསོ་བའི་ཕྱིར།།
ཁྲག་གིས་ཚོས་པའི་ཉི་མ་ཞིག།།
སླར་ཡང་རི་མལ་སྙེག་ལ་བྲེལ།།
དབྱངས་གསལ་སོ་བཞིའི་འཕར་རྩ་འདི།།
ལྡིང་བའི་གྲངས་ཀ་ཅི་ཡང་ཉུང།།
འོད་ཀྱི་སྐྱིབས་ལ་ཚང་བཅས་པའི།།
འུག་རྒན་འདི་ཚོ་གང་དུ་འདུར།།
ཀྱེ་མི་ཡི་ཡུལ་འདི་ན།།
མུན་པ་བསུ་བའི་མགྲོན་པོ་མང།།
མེ་ཏོག་མེད་པའི་ས་གཞི་རུ།།
༡ ཁ་བ་ནག་པོ་མདངས་ཀྱིས་འབབ།།
གསོས་པའི་བྱ་དག་འཕུར་བའི་ཚེ།།
སྒེའུ་ཁུང་ནང་ནས་ལྟད་མོ་མཐོང།།
ཇག་རྟ་འཚེར་བའི་འཇིག་རྟེན་ཡང།།
ཁ་དོག་དམར་པོས་བསྒྱུར་བར་བྱས།།
ལོ་ཟླའི་རྨི་ལམ་གསོན་པོ་དག།།
རྫུན་གྱི་སྨུག་པས་ཡང་ཡང་འཛིན།།
རྒྱལ་སྲས་བཞུད་པའི་བཤུལ་ལམ་དུ།།
མཐོན་པོ་རི་རྩེའི་དར་ཤིང་ཆག།།
༢ སྦྲུལ་གྱི་སྐྲ་ལོ་སྐྱེ་ཡང་སྲིད།།
འདི་འདྲའི་འཇིགས་སྐུལ་ད་དུང་གསོན།།
ཉལ་ཐའི་མེ་ཏོག་འཕྱུར་བ་དེས།།
ཁམས་འདིའི་ཡོད་ཚད་བརླག་ཀྱང་སྲིད།།
ཧ་ཅང་དྭངས་པའི་མིག་ཆུ་ཞིག།།
བདེན་པ་མེད་པར་གང་དུ་བཞུར།།
རྨི་ལམ་མེད་པའི་གྲོང་ཚོ་དེར།།
འགྱིག་བཟོས་གདོང་གི་ཧབ་ཆ་དགོད།།
རྡོ་དང་རུས་པའི་རྒྱན་ཆ་ཅན།།
ང་ཡི་སྤུན་ཟླ་ཡིན་ནོ་སྐད།།
རྡོ་གྱང་སྔོན་མོ་དྲེག་པས་ཟིན།།
རྩྭ་དང་ལོ་མས་ཁ་སུ་འདེབས།།
འཇིག་པའི་གཡུལ་ས་འདི་མཐོང་ཚེ།།
ཡོད་ཚད་རྫོགས་པའི་སྣང་བ་འཆར།།
བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག།།
འཇིག་པའི་གཟུགས་བརྙན་དབྱིངས་སུ་ཡལ།།
ལས་ཀྱིས་ཕོངས་པ་འདི་འདྲ་ན།།
འཚོ་བ་གཞན་ལ་བཅོལ་དོན་ཅི།།
འཕྲད་པ་དག་ནི་ཆུ་མོ་བཞིན།།
མྱངས་པ་དག་ནི་ཚེེར་མ་བཞིན།།
ཕམ་ཁའི་མིག་ཆུ་འདི་ཁུར་ནས།།
དཔའ་བོའི་རྨི་ལམ་དཀྲོགས་པ་ཡིན།།
རྟོགས་ལྡན་རྒད་པོའི་འཁར་བ་ཡིས།།
ནམ་མཁའ་བཞིན་རས་ཚལ་བུར་གཤགས།།
རྡུལ་ཕྲན་ཁུར་བའི་བྱ་ཆེན་དག།།
མཁའ་རུ་འཕུར་བའི་ལམ་བུ་ཡིན།།
ཡིན་ཡང་འཇིགས་པས་མ་ཞུམ་པའི།།
བདག་གི་མེས་པོའི་ཕོ་བྲང་ནས།།
འདབ་ལོར་བསྐུངས་པའི་སྐད་སྒྲ་ཞིག།།
ས་ཕྱོགས་གྲུ་བཞིའི་གླིང་དུ་ཁྱབ།།
ཤི་བོ་དག་གི་མིང་བྱང་ནི།།
སྐྲ་ལོ་དང་ལྷན་རླུང་གིས་འཁུར།།
གཙང་ཆེན་སྐམ་པའི་གྲམ་གཞུང་ལྟར།།
གནས་འདིར་གཏམ་རྒྱུད་འཚང་ཁ་རྒྱག།
ལོ་མང་རུལ་བའི་ལོ་མ་ནི།།
མི་ཡི་ཁྲག་གིས་ཁ་དོག་བསྒྱུར།།
རོ་སྐྱེལ་བ་ཡི་རྐང་འོག་ནས།།
རུས་པའི་ལྷུ་ཚིགས་སིལ་བུར་འཐོར།།
རྡོ་བ་དག་ནི་ཚིལ་གྱིས་ཟིན།།
བཤའ་གྲི་དག་ལ་ཁྲག་ཞགས་འགོས།།
རང་མདངས་འགྱུར་བའི་ས་འདི་ན།།
སྤྱང་ཀི་དང་ནི་འུག་པ་རྒོད།།
སྨུག་པའི་དྲ་རྒྱས་ཕྱོགས་ཡོངས་འཛིན།།
ཆུ་མོའི་བཞུར་སྒྲ་གཉིད་དུ་ཡུར།།
འདི་དག་མཐོང་བའི་མི་དག་གི།
འུ་ཤུ་བྲག་ཅར་འཁྱུགས་པ་སྐྱོ།།
ས་ཡི་མྱ་ངན་མཚོན་བྱེད་པའི།།
དུར་ཁྲོད་འདི་ཡི་ལམ་བུ་ནས།།
དེ་རིང་སྐྱེལ་བའི་རོ་འདི་ལ།།
བུ་མོ་བརྒྱ་ཡི་མིག་ཆུ་ཡོད།།
དྲན་པའི་དུས་སུ་ཆུང་ལོ་ཡིས།།
སླར་ཡང་མེ་ཏོག་བསྣམས་ནས་ཕེབས།།
མགོ་རུས་དག་ལ་དཔྱིད་ཆར་གྱིས།།
རྡུལ་གྱི་མྱ་ངན་སེལ་བར་བྱེད།།
སྙིང་ལ་གཟན་པའི་སྐད་ཀྱི་སྒྲ།།
མྱ་ངན་མཚོན་པའི་སྙན་ངག་ཡིན།།
ལོ་མ་སྟོང་བའི་སྡོང་རྒས་ཀྱང།།
ཚེ་སྲོག་འགགས་པའི་བདེན་དཔང་ཡིན།།
མུན་པ་ཡོལ་བ་འོད་ཀྱིས་གཤགས།།
ས་གཞིའི་ཕྱི་ནང་ཆར་གྱིས་བཀྲུས།།
༣ རང་དབང་ལྷ་མོ་ཉམས་མེད་མས།།
ང་ཚོ་མདུན་ནས་མདུན་དུ་ཁྲིད།།
༢༠༠༦།༠༥།༠༥ ཉིན་ལྷོ་ཕྱོགས་རྒྱ་མཚོའི་ཁ་ནས་བྲིས།།
མཆན།
༡། བོད་ཀྱི་སྙན་ངག་པ་སྒིས་སྟེང་བློ་བཟང་དཔལ་ལྡན་གྱི་གསུང་ལས་དྲངས།
༢། བོད་ཀྱི་སྙན་ངག་པ་སྒིས་སྟེང་བློ་བཟང་དཔལ་ལྡན་གྱི་གསུང་ལས་དྲངས།
༣། འཇར་མན་གྱི་སྙན་ངག་པ་ཀོ་ཏེའི་སྙན་ངག་ཅིག་ལས་དྲངས།
རྩོམ་ཁུངས། ངེད་དྲ་བ།