བདག་གི་རྨི་ལམ་དཀྲོགས་མྱོང་བའི་སྒྲོལ་མ།
ལྷ་སའི་སྒྲོལ་མ་ཆུ་རུ་བཞུར་སོང་།།
རིག་འཛིན་བཟང་མོ་ནུབ་དུ་ཕེབས་སོང་།།
དུར་ཁྲོད་ཁོ་བོ་ལྷོ་རུ་འཁྱམས་ཏེ།།
སེམས་ཀྱི་ཁོ་ཐག་སྔོན་ནས་ཆད་པས།།
དབེན་གནས་ཛ་ལན་དྷ་རའི་རི་ན།།
ང་ཡིས་སྙན་ངག་གླུ་རུ་བླངས་ཡོད།།
ད་ལོ་ཆར་འགོ་མ་བཙུགས་གོང་ལ།།
ནམ་མཁའ་སྔོ་ཞིང་དྭངས་པའི་ཉིན་ཞིག།
བདག་ལ་ཐག་རིང་ཐག་རིང་ཞིག་ནས།།
ཁ་པར་འབྱོར་བའི་དྲིལ་བརྡ་དཀྲོལ་སོང་།།
ཁྱོད་བདེ་འཚམས་འདྲི་མ་ཞུས་གོང་ལ།།
ང་སྡུག་ཅེས་ཟེར་ངུ་སྐད་བརྒྱབ་བྱུང་།།
རྒྱུས་ཡོད་སྐད་ལ་བསམ་བློ་བཏང་ན།།
ལྷ་སའི་ཁྲོམ་གྱི་སྒྲོལ་མ་ཡིན་འདུག།
ཡབ་ཡུམ་དབང་ཐང་བཙན་པས་ལན་ཟེར།།
རང་ལ་རང་དབང་མེད་པས་སྐྱོ་ཟེར།།
ལྷ་སའི་ཁྲོམ་གྱི་རྒྱུ་ཆེན་དེ་ལ།།
འགྲོ་འདོད་མེད་ཀྱང་བྱིན་ལུགས་གསུངས་བྱུང་།།
སྐྱོ་ཞིང་སྨུག་པ་འཐིབ་ཀྱིན་འོང་འདྲའི།།
སེམས་པ་དྲན་པས་ནང་དུ་བཀུགས་ཏེ།།
ཆུང་རོགས་སྒྲོལ་མའི་སེམས་ལ་འཚམས་པའི།།
ཚིག་གསུམ་མདུད་པ་ཡང་བསྐྱར་བཤིག་ཡོད།།
སྔོན་ལས་གར་ཡོད་རང་དབང་མེད་པས།།
ཧ་ཅང་སྐྱོ་བ་མ་བྱེད་ལབ་ཡོད།།
དྲན་དང་སྡུག་གི་བར་ཐག་གླེང་ནས།།
མཚན་གྱི་ཆུ་ཚོད་དགུ་བར་སླེབས་སོང་།།
མ་ཆོད་ངུ་སྐད་དལ་དལ་ལྷོད་ལྷོད།།
ལྷ་སའི་གཙང་བོའི་ནང་ལ་འདྲེས་ཐལ།།
སྐབས་དེར་སྟོང་ཞིང་ཤོར་བའི་སྣང་བ།།
ཡུལ་དང་འབྲལ་དུས་ལས་ཀྱང་སྡུག་པ།།
སྔོན་ནས་བཅད་པའི་༡ཅེ་ནེ་ཁ་ནེ།།
དེ་རིང་མ་སྲོན་ཡང་བསྐྱར་ཟོས་པས།།
སྐྱོ་བའི་སྒང་ལ་སྐྱོ་བ་བསྣན་ཏེ།།
རྐང་པས་གཟུགས་པོ་ཁྱོགས་པ་མ་བྱུང་།།
མལ་སའི་ནང་ལ་ལྷེམ་སེ་ལྷུང་ཐལ།།
ལྡབ་ལྡིབ་ཁྲོད་དུ་ཡོད་ཚད་འཐིམ་ཐལ།།
ཞོགས་པ་ཡིན་བསམ་ཡར་ལ་ལངས་དུས།།
ཉིན་གུང་ཆུ་ཚོད་བཅུ་གཅིག་ལྷག་རེད།།
ཁ་ནང་གཙང་མ་མ་ཁྲུས་གོང་ལ།།
ཁ་པར་དྲིལ་བརྡ་སིར་སིར་གྲགས་སོང་།།
ཁ་པར་མི་འཇོག་རྒྱུ་མཚན་ཤོད་ཟེར།།
ག་ཚོད་བཏང་འདུག་རང་གིས་ལྟོས་ཟེར།།
འདི་ནི་ང་ཡི་གྲོགས་མོ་ཞིག་སྟེ།།
གཞན་གྱིས་དགའ་རོགས་རེད་ཅེས་གླེང་བའི།།
ཁམས་ཀྱི་རིག་འཛིན་བཟང་མོ་ཡིན་ནོ།།
ད་དུང་ལས་ཀྱི་འབྲེལ་བ་བྱུང་མེད།།
སྙིང་གཏམ་ཏོག་ཙམ་བཤད་བཞིན་ཡོད་མོད།།
ལས་འཕྲོ་ཡོད་མེད་ད་དུང་མི་ཤེས།།
ནང་ན་ཡོད་ན་ཡོང་གི་ཡིན་ཟེར།།
ཤ་དང་ཚལ་རིགས་ཉོ་ཡོང་ཟེར་གི།
མདང་ནུབ་སེམས་པ་མ་སྐྱིད་ཚུལ་དང་།།
རླངས་ཐབ་སྔོན་ནས་རྫོགས་རབས་བཤད་དེ།།
བདེ་ལེགས་ཟ་ཁང་ཡང་ཐོག་དེ་རུ།།
ཉིན་གུང་འཕྲད་པའི་ཁ་ཆད་བགོས་སོ།།
ཁམས་ཀྱི་བྲག་གཡབ་སྐྱིད་ཚུལ་ནས་བཟུང་།།
ཇོ་ཇོ་ཕྱི་རྒྱལ་ཡོད་པའི་བར་དུ།།
རིག་འཛིན་བཟང་མོས་ལན་གཅིག་བཤད་པས།།
ཕྱི་དྲོ་ཆུ་ཚོད་དྲུག་པར་ཟིན་འདུག།
རྗེས་མར་འབྲེལ་བ་མང་ཙམ་བྱོས་དང་།།
མཉམ་དུ་ནུབ་ལ་འགྲོ་ཆོག་ཟེར་གི།།
མཚན་དཀྱིལ་རང་ཤག་འཁྱག་པའི་ནང་དུ།།
ལས་ཀྱི་འགྱུར་བ་བསམ་བློ་བཏང་སྟེ།།
སྔོན་ནས་ད་ལྟའི་བྱུང་རབས་ཁག་ཅིག།
ནག་ཁུང་ནང་ནས་ལམ་ལམ་འཆར་གི།
ཕྱི་ལ་ཆར་བ་བརྒྱབ་པ་ནང་བཞིན།།
ནང་ལ་སྐྱོ་བ་དེ་འདྲ་ཆེ་སོང་།།
ད་ལོ་ཆར་མཇུག་མ་རྫོགས་སྔོན་ལ།།
རིག་འཛིན་ནུབ་ཕྱོགས་གླིང་ལ་འཕུར་སོང་།།
མི་རྐྱང་ཁྱོད་ལ་ཐུག་པའི་ཆེད་དུ།།
ཁ་པར་ཐེངས་མང་བཏང་ཡོད་གསུངས་བྱུང་།།
མ་སོང་སྔ་ཉིན་ཁྱེད་ཀྱི་སྒོ་རུ།།
ཆུ་ཚོད་བཞི་ལ་བསྒུགས་ཡིན་གསུངས་བྱུང་།།
ནུབ་ཕྱོགས་གླིང་གི་ཁ་པར་འདི་ཡིས།།
ང་ལ་ཚོར་བ་གང་འཚམས་སྤྲད་བྱུང་།།
དེ་རིང་ཞོགས་པ་སྔ་པོ་ལངས་ནས།།
གཙུག་ལག་ཁང་དུ་མྱུར་མོར་སོང་སྟེ།།
ང་དང་རིག་འཛིན་སྒྲོལ་མའི་བསམ་དོན།།
འགྲུབ་པར་བར་ཆད་མེད་པ་ཞུས་ཡོད།།
མཆན།༡ཅེ་ནེ་ཁ་ནེ་རྒྱ་གར་གྱི་མྱོས་རྫས་ཤིག་སྟེ། ཐ་མག་དང་འདྲ་བར་བཟི་ཁ་ཅན་ཞིག་ཡིན་ནོ།།
རྩོམ་ཁུངས། ངེད་དྲ་བ།