སྙན་ངག་གི་ཟིལ་གྱིས་བགྲེང་བ།
ཤག་ཤག་འབབ་པའི་ཆར་རྒྱུན་དྲག་པོ་ལ། །
ང་ཡིས་རྨི་ལམ་ལྡོག་པའི་སྐང་མ་བརྩིས། །
སྟར་ཕྲེང་རིང་མོར་བསྒྲིགས་པའི་ལྗོན་སྡོང་གིས། །
མདུན་ཕྱོགས་རི་བོར་ལྟ་བའི་བློ་སྤོབས་བྱིན། །
མཐོང་ལམ་སྣེ་ནས་འཐེན་པའི་ལམ་ཕྲན་དེས། །
ཉི་ཟེར་ལམ་ལམ་འཕྲོ་བའི་ཆུ་གོར་བསྣབས། །
སྤང་དང་ཕ་བོང་འདྲེས་པའི་ལམ་མདོ་དེར། །
གདུང་ཚོར་དབྱིངས་སུ་འདྲེས་པའི་གླུ་སྒྲ་ཐོས། །
ལྡོག་འོད་འཕྲོ་བའི་ཆུ་ཕྲན་བསིལ་མ་ཡིས། །
ང་ལ་ཆུ་མགོ་འཚོལ་བའི་འདུན་པ་བསླངས། །
རླུང་དང་ཆར་ཞོད་ཆེ་བའི་ས་ཚིགས་འདིར། །
བྱེ་རླུང་འཚུབ་པའི་འཇིགས་པ་མི་མངའ་ཡང་། །
དཔྱིད་ཀྱི་ཕོ་ཉའི་གླུ་སྐད་མི་ཐོས་སོ། །
རྐང་ལམ་ཕྲ་མོར་འགྲེང་བའི་མི་རྣམས་ཀྱིས། །
མགོ་བོ་གཡུགས་བཞིན་དངན་པ་རིང་མོར་འཐེན། །
བྱ་འདབ་འོག་གི་ཕུག་རོན་སྔོན་མོ་ལ། །
ཚང་མལ་མཆིས་པའི་བསྔགས་བརྗོད་བྱེད་པར་བྲེལ། །
ལྷང་ལྷང་འབབ་པའི་ཆུ་རྒྱུན་དྲན་པོ་དེས། །
ང་ཡི་སེམས་ཀྱི་ཚོར་བ་བརླན་ན་ཡང་། །
རྨི་ལམ་དྲོན་མོར་འཁྱིལ་བའི་ཁང་ཆུང་དེར། །
ཆར་བས་མི་རྡུང་སྒོ་མོ་དམ་པོར་གཏན། །
རྩོམ་ཁུངས། ངེད་དྲ་བ།