དབྱར་ཟླ་དྲུག་པ་དང་ངའི་ཕ་ཡུལ།
མཛེས་མཛེས་སྤང་ཐང་གི་རི་ལུང་ཁྲོད་ན།།
ལམ་ལམ་མེ་ཏོག་གིས་མིག་དབང་འཕྲོག་གི།
ཞིམ་ཞིམ་དྲི་བསུང་གི་ནེའུ་གསེང་འཐུལ་ན།།
བར་བར་སུམ་རྩེན་གྱི་ཚལ་ལ་འགྲན་ནོ།།
སྟོད་ན་གཙང་ཆབ་ཀྱི་སྙན་གླུ་ཤག་ཤག།
སྨད་ན་མཚོ་མོ་ཡི་གར་སྟབས་ཤུག་ཤུག།
བར་ན་འབྲི་དྲུག་གི་མགོ་ལྕོག་ལྡེམ་ལྡེམ།།
ཉམས་དགའ་ཡིད་སྡུག་གི་ཕ་ཡུལ་སྐྱིད་སྐྱིད།།
གཟར་གཟར་བྲག་རིའི་ཚོགས་མཁའ་ལ་སྙེགས་སྙེགས།།
མཐོ་མཐོ་ས་འཛིན་གྱི་སྤང་རི་བརྗིད་བརྗིད།།
ཚང་ཚང་ལྗོན་པ་ན་ཁུ་བྱུག་ལྷང་ལྷིང་།།
སྐབས་སྐབས་མཚར་སྡུག་གི་ལྷ་ཡུལ་འདྲ་འདྲ།།
གསེར་མདོག་ཉི་མ་དེ་འོད་ལམ་ལམ་རེད།།
དངུལ་མདོག་ཟླ་བ་དེ་དཀར་གསལ་གསལ་རེད།།
གཡུ་མདོག་ནམ་མཁའ་དེ་སྔོ་བསངས་བསངས་རེད།།
ཕ་ཡུལ་གནམ་གཤིས་དེ་དྲོད་འཇམ་འཇམ་རེད།།
མི་སེམས་ཁྲ་ཁྲ་ཡི་སྨོན་པ་འཆོར་ས།།
མི་ཡུལ་ཆུང་ཆུང་འདིའི་འཇོ་སྒེག་ཡིན་ནོ།།
འཇིག་རྟེན་སྒོར་སྒོར་གྱི་མཛེས་སྡུག་ཡོད་ཚད།།
མ་ལུས་གཅིག་གཅིག་རེར་གནས་འདིར་སྤུངས་འདྲ།།
རྩོམ་ཁུངས། ངེད་དྲ་བ།