ཆོས་སྲིད་འགལ་འདུའི་ཁྲོད་ཀྱི་གྲྭ་བ།
མཚོ་ལྷོའི་ཀླུ་ཚང་གི་གྲྭ་བ་ཕལ་ཆེར་ཞིག།
ཆོས་སྲིད་ཟུང་འབྲེལ་གྱི་ལུགས་ལ་མོས་པ་དང་།།
ཤེས་རིག་ནོར་གླིང་གི་དགེ་རྒན་ཆེན་མོ་འགའ།།
ཁ་སྣ་མིང་བཏགས་ཀྱི་རྩོམ་རིག་འབྲི་ལ་དགའ།།
རྔ་བ་ཀིརྟི་ཡི་དགེ་བཤེས་སྒོ་ཤེར་གྱིས།།
ཆོས་སྲིད་ཐ་དད་ཀྱི་ཕྱོགས་ལ་འགྲོ་དགོས་ཟེར།།
མདོ་སྨད་རེབ་གོང་གི་གྲྭ་བཙུན་ཁ་ཤས་ཀྱིས།།
བསྟན་པ་ཆབ་སྲིད་ཀྱི་རྒྱུན་འདི་སྐྱོང་དགོས་བཤད།།
བོད་ཀྱི་འབྲོག་པ་ཚོའི་འཚོ་བ་རོལ་ཕྱོགས་ལ།།
ཞིབ་འདང་ཟབ་མོ་ཞིག་བརྒྱབ་མིན་མི་ཤེས་ཀྱང་།།
ཟི་ཁྲོན་གསེར་རྟ་ཡི་མཁན་པོ་རྣམས་གཉིས་ཀྱིས།།
སྡིག་ཤ་གཅོད་དགོས་ཞེས་གྲྭ་གྲོང་ཁྱད་མེད་གསུང་།།
ཨ་ཁུ་རྒྱ་གྲོལ་གྱི་ནང་བསྟན་དཔལ་འབྱོར་དེ།།
རྒྱལ་བའི་དགོངས་དོན་དང་འགལ་ཞེས་སྒོ་ཤེར་གླེང་།།
སྒོ་ཤེར་རིག་གསར་དང་མཐུན་ལུགས་མང་བོ་ཞིག།
བློ་བཟང་དོན་འགྲུབ་ཀྱིས་ཁ་ཚོན་བཅད་ནས་སྨྲས།།
ཆོས་སྲིད་ཐ་དད་ཀྱི་སྲོལ་དེ་མི་བཟང་བས།།
ཆོས་སྲིད་ཟུང་འབྲེལ་གྱི་ལུགས་ལ་འབད་དགོས་ཞེས།།
རྒྱལ་བོ་གླང་དར་གྱིས་དམྱལ་བའི་གཏིང་རིམ་ནས།།
བྱ་མདོ་གུར་ཀུམ་ལ་སེམས་ཀྱི་འཕྲིན་པ་འབྱོར།།
སྨར་ཁམས་དགོན་པ་ན་སྒ་བུ་སྨྱོ་ལ་ཁད།།
ཨ་མཆོག་སྒྱིས་ཚང་ན་སྟག་སྨིག་རྒྱུགས་ལ་ཁད།།
དུས་རབས་ཉེར་གཅིག་གི་བོད་ཀྱི་དགོན་སྡེ་ན།།
ཆོས་སྲིད་འགལ་མིན་ལ་ཁ་ཡོད་ཚང་མས་རྩོད།།
མང་རའི་རྒྱ་གྲོལ་གྱི་རྒྱབ་དཔུང་འཐུག་ནི་རེད།།
དཔའ་རིས་དོར་ཞི་ཁོང་རྗེས་ན་རི་བཞིན་འགྱིང་།།
རྔ་བའི་སྒོ་ཤེར་གྱི་སེམས་ལྗོངས་ཕྱུག་ནི་རེད།།
དུང་དཀར་ཆོས་སྲིད་ཀྱི་དཔེ་ཆ་མདུན་ན་ཡོད།།
སྤྲུལ་སྐུ་ཁ་ཤས་ཤིག་ཆབ་སྲིད་ལག་རྡོ་རེད།།
བཙུན་པ་ལ་ལ་ཞིག་གོང་མའི་ཕོགས་ལེན་རེད།
ཆོས་སྲིད་འགལ་མིན་གྱི་གནད་དོན་མི་ཤེས་ཀྱང་།།
ཆོས་པ་རྣལ་མ་ཞིག་འཁྲུངས་རྒྱུ་དཀའ་མོ་རེད།།
༢༠༡༡ ༢ ༥ཉིན།
རྩོམ་ཁུངས། ངེད་དྲ་བ།