ཀུ་ཤུ་རྟགས་མ།
ན་གནངས་ད་ལོ་ལ་དར་བའི་ཀུ་ཤུ་རྟགས་མ། །
འབྱོར་བ་སྟོབས་ཆེན་གྱི་ཕྱུག་པོ་མཐོན་པོའི་སྤྱོད་ཆས། །
དོན་གྱི་དབྱིབས་གཟུགས་ཀྱི་རྣམ་པ་ཆུང་ཆུང་མ་བོ། །
འཇིག་རྟེན་རེབ་གཅིག་ལ་དཀྲུགས་པའི་ནུས་པ་མཐུ་ཅན། །
ཕྱུག་པོའི་ཡོད་མདོག་གི་རྣམ་འགྱུར་ཀུ་ཤུ་རྟགས་མ། །
མེད་པོའི་ཞེན་ཆགས་ཀྱི་རྩ་བ་ཀུ་ཤུ་རྟགས་མ། །
ཡོད་ཚད་མིང་སྟོང་ལ་སྨོན་པའི་འཇིག་རྟེན་ཁྲ་ཁྲ། །
འཁྲིལ་སྣང་སེམས་པ་འདི་རླུང་བུ་རྒྱུ་ཕྱོགས་ཅིག་རེད། །
ལ་ལའི་ཚེ་གསོགས་ལ་བརྗེས་པའི་ཀུ་ཤུ་རྟགས་མ། །
འགའ་རེའི་རྨི་ལམ་ལ་ཐོགས་པའི་ཀུ་ཤུ་རྟགས་མ། །
འགྲོ་བའི་སེམས་དཀྱིལ་ལ་ལྷུང་བའི་ཚོར་བ་སྐྱུར་རོ། །
བདེ་མིན་སྡུག་མིན་གྱི་ལམ་ནས་ཟད་ཐབས་དཀའ་འོ། །
འགྲེམ་བརྡ་འུར་ཟིང་ལ་འདྲེས་པའི་ཀུ་ཤུ་རྟགས་མ། །
བྱེད་ལས་སྣ་འགའ་རེ་བསྣན་པའི་ཀུ་ཤུ་རྟགས་མ། །
ཞེན་པའི་ཉ་མོ་འདི་འཛིན་པའི་ལྕགས་ཀྱུ་ཡིན་པས། །
དོན་གྱི་མིང་སྟོང་འདིའི་ཆེད་ལ་ཡོད་ཚད་ཤོར་འགྲོ །
ཤེས་མེད་མིང་སྟོང་ལ་དགའ་བའི་སྐོར་དེས་བཟོས་སམ། །
རང་འདོད་ཁེ་ཕོགས་ལ་འཁྲེང་བས་རིགས་དེས་ཡིན་ནམ། །
འགྲོ་བའི་སེམས་ནང་ལ་བཞག་པའི་བག་ཆགས་ངན་པ། །
དཔལ་འབྱོར་ཡར་རྒྱས་ཀྱི་གཤེད་མ་ཀུ་ཤུ་རྟགས་མ། །
རྟགས་མ་ཟེར་བ་འདི་དགའ་ཞིག་གཞི་ནས་མ་རེད། །
དོན་མེད་འགྲན་རྩོད་ཀྱི་སྡུག་བསྔལ་སློང་བྱེད་ཅིག་རེད། །
འབྱོར་པོའི་ང་རྒྱལ་གྱི་ཁ་སྣོན་ཀུ་ཤུ་རྟགས་མ། །
དབུལ་བོའི་ཞེན་ཆགས་ཀྱི་མཐུད་མ་ཀུ་ཤུ་རྟགས་མ། །
བོད་ལ་རྟགས་མ་འདི་མ་དར་གནམ་གྱི་དྲིན་རེད། །
མི་རིགས་དབུལ་བོ་ལ་མི་གེར་ཟླ་ལྷག་ཡིན་འདུག །
གླུ་བ་ཁར་ཁེར་དང་རྒྱ་བླ་མགོ་སྟོང་འགའ་རེས། །
གངས་རི་ཆོས་འཁོར་སོགས་སྦྱར་བ་ངན་ལྟས་ཅིག་གོ །
གཞན་པའི་མི་རིགས་ཀྱི་ཤན་ཤུགས་བོད་ལ་ཐེབས་ནས། །
ཁ་རྒྱབ་མི་ཁེབས་ཀྱང་རྟགས་མ་རྩོད་ཁུལ་བྱེད་འདུག །
རྒྱན་གོས་གཙང་མ་རེ་ཡོད་པ་བབ་ཐང་ཞིག་རེད། །
ཚད་བརྒལ་ཕྱུག་ངོམ་འདི་བོད་ལ་མཛའ་འུ་མི་འདུག །
རྟགས་མ་གང་ཡིན་ཀྱང་མིང་སྟོང་དོན་སྟོང་ཅིག་རེད། །
འདི་ནི་མཐོ་འཇོག་དང་ངོམ་རིན་ཁྱོན་ནས་མི་འདུག །
ཤེས་རིགས་ཡོན་ཏན་གྱི་རྒྱན་ཆ་རང་ལ་ཐོགས་དང་། །
རྟགས་མ་ཟེར་བ་ཞིག་དགོས་ན་དེ་ལས་བཟང་མེད། །
༢༠༡༡ ༦ ༡༤ བྲིས།
རྩོམ་ཁུངས། ངེད་དྲ་བ།