དྲན་ཤིང་།
སྤང་མེ་ཏོག་བཞད་པའི་ན་གཞུང་ན།།
ལུག་གཡང་དཀར་འབའ་སྒྲའི་བར་གསེང་དུ།།
ཁ་ལ་གཞས་ལེན་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
སྦྲ་མཐིང་སྨུག་ཅིག་གི་འདབ་རོལ་ན།།
འབྲི་རྡང་ལ་སྟར་བའི་བར་ལྷས་ར་རུ།།
ཤིང་བཞོ་ཟེའུ་བཏེགས་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
གནས་གཡང་ཁྱིམ་ཞིག་གི་སྒོ་ལོག་ན།།
གུར་དཀར་པོ་ཞིག་ནང་རོལ་དུ།།
རོག་ཆུང་ལོར་སྒུག་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
སེམས་སྙིང་གཏམ་ལྷོད་པའི་མལ་ས་ནས།།
ཤ་མཆིན་པ་བརླན་པའི་ཐ་མ་རུ།།
ལུས་འབྲལ་འདོད་མེད་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
མིག་མཆི་མ་བཞུར་བའི་སྐྱེལ་མའི་འོག།
ཕྱིར་ནམ་ཡོང་ཞིག་གི་དྲི་བ་ལས།།
སེམས་དྲན་པ་ལྡིབ་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
འབྲལ་དགོས་པ་བྱ་བའི་དགོས་མཁོའི་དབང་།།
བསྐྱུར་མི་ཕོད་སྙིང་གི་ཕྱེད་ཀ་ཞིག།
སེམས་མཆི་མས་བརྣངས་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
སེམས་མ་སྡུག་འདི་ནི་གནས་སྐབས་ཡིན།།
ཡིད་མ་སྐྱོ་མྱུར་དུ་ཕྱིར་ལ་ཡོང་།།
སེམས་བརྩེ་བས་ཕྱུག་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
ལུས་གྲིབ་མ་མི་མཐོང་གྲོང་ཁྱེར་ནས།།
སྔོན་ཚིག་གསུམ་བཤད་པའི་རྣམ་པ་དང་།།
བཞིན་འཛུམ་གྱིས་ཁེངས་པའི་བུ་མོ་ཁྱེད།།
ཡིད་ཕྱིར་ལ་འཁོར་བའི་དྲན་ཤིང་རེད།།
རྩོམ་ཁུངས། ངེད་དྲ་བ།