གྲྭ་རྐྱང་གི་སེམས་བསྐྱེད།
འཁོར་རྒྱ་ཆེ་བའི་ནང་ཆེན་ལས།།
བདག་གི་གྲྭ་ཤག་ཧ་ཅང་ཆུང་།།
རྒྱུ་དང་འཁོར་འདུས་མགྲོན་པོ་ལ།།
ང་ནི་སྔར་ནས་འབྲེལ་མེད་ཡིན།།
ལས་ཀྱི་དཀའ་ཚེགས་ཆེ་རྒྱབ་ནས།།
མིག་ལ་ཞེན་པའི་གྲྭ་ཤག་འདི།།
ཆེ་ནས་ཆེ་རུ་བསྐྱེད་ལས་ཅི།།
བླ་རྒན་ཤི་ན་བན་རྩ་རྫོགས།།
སྔར་གྱི་སྐྱེས་ཆེན་དམ་པ་ཚོས།།
ཁམས་གསུམ་འགྲོ་བའི་སྡུག་བསྔལ་སེལ།།
ང་ཡིས་དེ་ལྟར་མི་ནུས་ཀྱང་།།
དྲང་བོའི་ལམ་ལ་ཅི་ནས་འཇུག།
མཚན་དང་སྙན་པར་ཅི་ལ་ཞེན།།
ཕྱི་མ་དོན་གཉེར་བྱེད་མཁན་ཡིན།།
མི་རིགས་གཅིག་གི་ལ་རྒྱ་ཡང་།།
ང་ལ་མཚོན་ན་དོན་ཆུང་ཡིན།།
མིག་ལ་ཞེན་པའི་ལོངས་སྤྱོད་ལ།།
ནང་གི་འདོད་པས་ཅི་ལ་རེག།
དེ་ལ་སྲེད་པ་ཆེ་དྲགས་ན།།
རང་ཡང་དམྱལ་བའི་མགྲོན་པོ་ཡིན།།
ཁ་ཤས་སྲིད་པའི་ཕུན་ཚོགས་ཀྱིས།།
ཁྲིད་ནས་དམྱལ་བའི་ཁམས་ལ་འགྲོ།།
རང་ཉིད་དེ་དང་བྲལ་གྱུར་ན།།
མཐའ་མར་ལེགས་པའི་འབྲས་བུ་ཐོབ།།
ན་ཆུང་བུ་མོའི་ཞལ་འཛུམ་དང་།།
བཅོས་མའི་གར་ལ་མི་ཆགས་པར།།
དག་པའི་སྒོ་མོ་རྡུང་བྱེད་ཀྱི།།
ཆོས་ཀྱི་ཐོ་བར་དམ་དུ་ཆོངས།།
འཁོར་བའི་ནང་གི་མི་དེ་ཚོ།།
བྱེ་མའི་སྟེང་གི་རྐང་ཐང་འདྲ།།
ཕར་ལ་གོམ་ཆུང་སྤོས་ན་ཡང་།།
རྐང་འོག་རི་མོ་བསུབ་ནས་འགྲོ།།
2009ལོར་རང་ཤག་ནས།
རྩོམ་ཁུངས། ངེད་དྲ་བ།