བརྩེ་བ་འཇའ་ཚོན་མའི་མགུར།
ཞག་མ་ཟླ་མཐུད་ཀྱི་ལོ་ཟླའི་ཁུགས་རིམ་ཉུལ་སྐབས། །
དུངས་བ་དམར་བཙོས་ཀྱི་ཁུ་ཞག་མངར་ཁ་ཅན་པོ། །
མུན་པའི་གཏིང་སྐད་ལ་སྡེབ་པའི་དྲན་སྣང་རབ་རིབ། །
ཚོར་བའི་སྒེར་ལམ་གྱི་ཐོབ་ཤོར་གཞན་དབང་མའོ། །
ལོ་ཟླའི་ཨ་ལོང་ལ་བཏགས་པའི་དམ་ཚིག་དམ་པོ། །
སྙིང་གི་གསང་བ་ལ་འཐམ་པའི་རེ་བའི་འོད་ཐིག །
ཉི་ཟླའི་བརྩེ་དབྱངས་ལ་མཐུད་པའི་སྙིང་གཏམ་མགུལ་མ། །
དྲན་པའི་ཆུ་ཟིལ་གྱིས་སྦང་བའི་དུངས་སེམས་ལོ་མ། །
གོམ་པ་རྒྱང་བསྐྱོད་ཀྱི་གྱེས་བྲལ་རླུང་ཁྱེར་མ་འདི། །
ཡ་ཆུང་སྙིང་དབུས་ཀྱི་སྨིག་པ་ལང་ལོང་ཡིན་སོང། །
ཚོར་བ་སྤུ་གཟེང་གི་མྱོང་བ་མངོན་རྗེན་འདི་ཡིས། །
ཞེན་པའི་བག་ཆགས་ཀྱིས་ས་བོན་བཏབ་པ་ཡིན་སོང་། །
རེ་བ་གསེར་ནག་གིས་གཡོག་ཏེ་སྙིང་ལ་སྦས་ཀྱང་། །
བརྩེ་བ་དངུལ་དཀར་གྱིས་མཐུད་པས་དམ་བཅའ་བརྟན་ཡང་། །
ལས་འབྲས་དྲང་ཐིག་ནས་འཁྱོག་པའི་བབ་སོ་ཡིན་ནམ། །
མི་ཚེའི་ཁེར་ལམ་འདི་སྐྱོ་བས་རྫོགས་པ་གན་རེད། །
རང་སྣང་གང་ཤར་གྱི་བརྩེ་བ་གཉོར་ན་ལོས་ཆོག །
མྱི་དོན་སོར་བཞག་གི་ལྟ་བ་དྲིད་ཀྱང་ཆོག་མོད། །
མཐོ་འདོགས་དམའ་བཤད་ཀྱི་ཁ་ལྕེ་ལང་ཤོར་མིན་ན། །
ལས་རྟེན་དམར་མོ་འདིའི་རིན་ཐང་ཆུང་ཆུང་ཡིན་འདུག །
ནང་སེམས་འདྲེས་མཚམས་ཀྱི་བར་ཐག་ཤ་སྐྱིའི་ཉེ་རེད། །
མིག་ཟུང་གོམས་སྟངས་ཀྱི་ལྟ་ཕྱོགས་ལྷ་ཡི་མཛེས་རེད། །
དགའ་ཞེན་སྣང་བ་ཡི་ཕྱོགས་སུ་ལྷུང་བ་ཡིན་ཀྱང་། །
དུངས་བ་དངོས་བྲིས་ཀྱི་རི་མོ་བསུབ་ཐབས་མ་རྙེད། །
ཕྱི་ཐག་འཇའ་ཚོན་ལ་བྲིས་པའི་འདང་བརྩེ་དེ་ཡང་། །
དཔྱིད་སུམ་རླུང་བུ་ཡིས་དེད་ནས་གང་སར་སྤུར་སོང་། །
མི་རྟག་ལྟ་བ་ཞེས་མིག་གོར་ཧད་དེ་ཅེར་ཡང་། །
མགོ་རུས་སྐམ་པོ་འདི་སྡུག་གི་མཆུ་མས་དཀྲུག་འོང་། །
འཁོར་བ་སྨུག་རྒྱུ་ཡི་གྲོང་ཁྱེར་དཀར་མ་ལམ་འདི། །
བརྩེ་སེམས་ཐོབ་མེད་ཀྱི་རྨི་ལམ་ཟིན་མ་ཤོར་ས། །
དགའ་སྡུག་ཁྲི་འབུམ་གྱི་ངོ་གདོང་སུན་པས་གཡོག་ནས། །
དུངས་ཞེན་སྣང་བ་འདི་འགྱོད་པའི་ཀློང་ནས་ཤི་དགོས། །
སྡུག་རབ་ཁ་ཐོག་ནས་བཤད་ན་སྐྱུར་འདོད་རེབ་གཅིག །
ཚོར་བ་ལག་ཐོག་ནས་མྱོང་ན་སེམས་པའི་གཅེས་རེད། །
འདས་བྱས་རང་མཚང་སྟེ་དཔྱད་པས་བརྟོལ་བ་མེད་ན། །
འདོད་པ་བཙན་ཤེས་ཀྱིས་བསྲན་ལ་སྙིང་པོ་མི་འདུག །
བརྩེ་བ་གཤེད་མ་རུ་གྱུར་བའི་གཏམ་རྒྱུད་ཡོད་ལ། །
ལས་དབང་རྐྱེན་ལམ་ལ་ཤོར་བའི་ཐ་ཚིག་མོད་པས། །
སྟོང་སྣང་རྨི་ལམ་གྱི་ཞིང་ལ་དམིགས་པ་སྡེབས་དང་། །
འཁྲུལ་བའི་རྩེད་མོ་འདི་རོལ་དང་མ་རོལ་མི་འདུག །
༢༠༡༡ ༥ ༢༣ མཚན་མོར་བྲིས།
རྩོམ་ཁུངས། ངེད་དྲ་བ།