བོད་ཀྱི་ལོ་རྒྱུས་དང་བྷེན་ལ་ཏིན་གྱི་གསང་བ།
འབུ་བཞིན་གཅིར་བའི་ས་ཐ་མོའུ་ནི་བདུད་ཅིག་ཡིན་པར་གོ་ན་ཡང་།།
བདུད་ཀྱི་ཕག་ན་ཅི་ཞིག་ཡོད་མེད་ང་ཚོ་སུས་ཀྱང་ཤེས་ཐབས་མེད།།
ཨ་རིའི་དམག་གི་མཚོན་ཆའི་འོག་ནས་ལ་ཏུན་མིང་ཅན་བསད་ན་ཡང་།།
གསོད་པར་རུང་བའི་སྦྲུལ་གྱི་དུག་ལྕེ་སུ་དང་གང་གིས་གཅོད་ཐབས་མེད།།
གྲི་གུམ་བཙན་པོ་ཇི་ལྟར་བཙན་ཡང་ལོ་ངམ་རྟ་རྫིས་རྨེག་མེད་བཏང་།།
དཔལ་རྡོར་སྨྱོན་པའི་མདའ་གཞུའི་འོག་ཏུ་རྒྱལ་པོ་གླང་དར་བྱིའུ་ཆུང་འདྲ།།
ཡར་ལ་འཐབ་ཀྱང་མར་ལ་རྒོལ་བའི་མཐའ་མའི་རྡུལ་རླུང་འཇགས་དུས་ན།།
གབ་ཚིག་ལྟ་བུའི་དྲི་རྟགས་རྣོན་པོས་འབངས་མིའི་སེམས་ལ་ན་ཟུག་བསླངས།།
ལོ་རྒྱུས་འབྲི་བའི་མི་ངན་དེ་ཚོས་ལྷ་དང་བདུད་ཀྱི་གོ་རིམ་སྣོག།
རྫུན་ལ་མཁས་པའི་ལྕེ་བདེ་ལ་ལས་བདུད་ལ་ལྷ་ཡི་ཆོ་ལོ་བཏགས།།
རྫུན་དང་བདེན་པ་བཙན་གྱིས་བསྒྲིགས་པའི་བོད་ཀྱི་ལོ་རྒྱུས་ཐང་ཆེན་དུ།།
ཨ་རིའི་དམག་དཔུང་ཐང་གཅིག་སླེབས་ཚེ་མེ་མདའི་ཕོངས་པའི་ཉེན་ཁ་ཡོད།།
སློབ་དཔོན་དང་ནི་ཁྲོམ་པ་སྐྱེས་སོགས་གསོན་པོ་དུར་ལ་སྦས་པ་ནི།།
གངས་སེང་དཀར་མོའི་གད་རྒྱངས་དྲག་པོ་ཁྱི་མོའི་སྐད་དུ་བརྫུས་པ་འདྲ།།
རང་གི་ཆུང་མ་གཞན་ལ་ཕུལ་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡང་།།
གསང་བ་སྟོང་གི་རྡུལ་འཚུབ་ཁྲོད་ན་སྨྲེ་ངག་འདོན་པ་སུ་ཡིས་ཤེས།།
བོ་ངྷི་ས་ཏྭའི་ཚེ་སྲོག་ཕྲ་མོ་བདུད་ཀྱི་རྟ་ཕོའི་འཕྲ་ལ་འཐིམས།།
སློབ་དཔོན་ཀཱ་མའི་ཚེ་སྲོག་དེ་ཡང་མཁལ་མའི་ནད་ཀྱིས་འཁྱེར་བར་བཤད།།
བཙན་པོའི་ཁྲིམས་ཀྱི་མནར་གཅོད་མྱོང་བའི་བོད་མིའི་མིག་གི་འདབས་རོལ་ན།།
མཁས་པ་འབུམ་གྱི་ཚེ་སྲོག་དྲོན་པོ་བདུད་བློན་དེ་ཚོའི་རྩེད་ཆས་ཉིད།།
རྭ་སྒྲེང་ཚང་གི་རླིག་རིལ་དེ་ནི་སྡེ་བ་གཞུང་གིས་ཐག་སེ་བཀད།།
ལུང་ཤར་དཔའ་པོའི་མིག་འབྲས་གོར་མོ་ལུད་པ་བཞིན་ཏུ་ས་ལ་འཕངས།།
དགེ་ཆོས་མཁས་པའི་རིན་ཆེན་ཚེ་སྲོག་མུན་པའི་བཙོན་ལ་བཅུག་པ་ནི།།
འཇིགས་སྐུལ་ཚོགས་པའི་གཡོ་སྒྱུ་ལས་ཀྱང་ཞེད་སྣང་སྐྱེས་པའི་གསང་བ་ཞིག།
མྱི་ཡི་ཡུལ་ནས་མྱི་དོན་གླེང་བ་རྒྱལ་སྤྱིའི་ཁྲིམས་དང་མཐུན་ན་ཡང་།།
ཁྲིམས་དང་འགལ་བའི་འབུ་རིགས་མང་པོ་ཟ་དང་ཟུར་ནས་ཡང་ཡང་ཐོན།།
གསང་བའི་ཁ་ལ་ལྕགས་ཀྱིས་ལྷན་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནི།།
སེམས་དང་བསམ་པའི་ཞིབ་ཏུ་བཀླགས་དུས་སྐྱོ་བའི་མཆི་མ་དབང་མེད་ཤོར།།
གསལ་བཤད།
རྣམ་པ་ཚོར་བརྗོད་དོན་ཐད་བློ་ངོར་མི་བདེ་བ་བྱུང་ན་བསམ་ཚུལ་ལྷུག་བརྗོད་གནང་བར་མཁྱེན།
ཞེས་༢༠༡༡ལོའི་ཟླ་ལྔ་བའི་ཚེས་བཞི་ཉིན་རང་ཤག་ནས།
རྩོམ་ཁུངས། དཔལ་བེའུ་ཡི་ཟིན་བྲིས།