མིག་ཆུའི་སེམས་ཚེགས།
དང་པོའི་ལས་དབང་མེ་ཏོག་གླིང་ལ་ཤོར།།
འགྱུར་མེད་སྲིད་ཀྱི་རྒྱབ་རི་མནའ་ཚིག་ཅིག།
ལོ་ཟླ་དུ་མར་འདས་པའི་ཤུགས་རིང་ཁྲོད།།
བུ་ཆུང་བཟང་བོ་སེམས་ཚེགས་རྒྱ་ལ་ཚུད།།
འཛུམ་མདངས་ངོ་མ་ཞིག་གི་ཕྱག་རྒྱ་ཡིས།།
རིག་སད་ཁོ་བོ་ཁ་རོག་དམ་ལ་བཏགས།།
སྙིང་རྗེ་གཏན་ནས་མེད་པའི་བླ་ཆེན་དེས།།
ཁ་ལ་ན་ཟུག་སྦྱིན་པ་གྲངས་མེད་ཅིག།
ཁོ་ཡི་སེམས་ལ་རྒྱལ་ཁའི་དགོད་སྒྲ་ཞིག།
ང་ཡི་ཡིད་ལ་མིག་ཆུ་འཛད་མེད་ཅིག།
བརྩེ་བ་སྟོང་གི་མནར་གཅོད་ཁུར་ལྕི་བས།།
སྙན་ངག་གླུ་རུ་ལེན་པའི་གོམ་སྟབས་འཁྱོར།།
སྟེང་གི་ལྷ་མོའི་འཛུམ་ལ་སྲེད་པ་མེད།།
འོག་གི་ཀླུ་མོའི་ནོར་ལ་ཞེན་ཆགས་མེད།།
ང་ལ་ཡོད་ཡོད་སྣང་བའི་ངེས་འབྱུང་འདིས།།
ཞིང་མཆོག་བདེ་བར་སོན་པའི་དངོས་གྲུབ་ཅིག།
ལྷིང་འཇགས་རི་བོ་སྔར་བཞིན་འཇམ་པོར་གནས།།
བུ་ཆུང་ཁོག་ལ་སྔར་བཞིན་སེམས་ཚེགས་ཤིག།
མཆི་མའི་བདེན་གཏམ་འདི་ཡི་ཕ་རོལ་ཏུ།།
སྐྱེ་བ་དོན་མེད་ཟད་པའི་འཕྲིན་ཡིག་བརྒྱ།།
༢༠༠༣ལོའི་ཟླ༣པའི་ཚེས་༢ཉིན།
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།