དྲན་མགུར།
གནམ་སྔོན་སྒུར་སྒུར་ཞིག་མཐོང་སའི།།
སྤྲིན་དཀར་ཕང་ཕུང་དེའི་གཤམ་ན།།
སེམས་དམར་དུང་དུང་གི་ཐིག་ལེ།།
ཆུང་འདྲིས་བྱམས་པ་ཁྱོད་བཞུགས་ཡོད།།
སྟོང་འཇགས་རྫ་ལུང་གི་ཕུ་ན།།
མེ་ཏོག་དམར་ཆུང་ཞིག་བཏོག་སྟེ།།
རྫ་ཆབ་ལྷུང་ལྷུང་གི་རྒྱུན་ནས།།
ཁྱོད་ལ་སྐྲ་རྒྱན་ཞིག་བསྐུར་ཡོད།།
སྤྲིན་མགོ་དཀར་ནག་ཅིག་འཐབ་དུས།།
སྨྲེང་གླུ་སྐྱོ་སྐྱོ་ཞིག་གྱེར་ཞིང༌།།
གཡུ་འབྲུག་ལྷང་ལྷང་གི་རྗེས་ལ།།
མཆི་མ་ཁྲོམ་ཁྲོམ་ཞིག་བསྐུར་ཡོད།།
ཆར་རྗེས་ནེའུ་གསིང་གི་པང་བར།།
འཇའ་གུར་ལམ་ལམ་ཞིག་གུག་དུས།།
ཞལ་རས་སྒོར་སྒོར་གྱི་ངོས་སུ།།
བབས་པ་ཤར་ཤར་རེ་ཨེ་བྱུང༌།།
རྐྱང་འབྲོང་བཞུར་ལམ་ཞིག་འདེད་དུས།།
རི་རྩེ་མཐོ་མཐོ་ལ་འཛེགས་བྱུང༌།།
བྲག་ཅ་རིང་རིང་དུ་འཁོར་བའི།།
རྒྱང་འབོད་ལན་གསུམ་དུ་བྱས་ཡོད།།
གཡོ་ལོ་ལྡེམ་ལྡེམ་གྱི་ཚལ་ནས།།
གཡང་དཀར་རྗེས་སྣེ་རུ་འབྲང་དུས།།
སྙན་པ་གྲོང་གྲོང་གི་གསོས་སུ།།
གློ་བུར་ཐོས་པ་རེ་ཨེ་བྱུང༌།།
གངས་ཆུ་མུ་ཏིག་གི་ཟིལ་དངར།།
མདའ་ལ་ཤང་ཤང་དུ་རྒྱུག་དུས།།
ཁམས་གསུམ་དལ་དལ་དུ་བཏུང་ཞོར།།
འོ་སྒྲོས་ཞིམ་ཞིམ་ཞིག་བསྐུར་ཡོད།།
སྤྲིན་པ་ཕན་ཕོན་གྱི་ཧྲག་ནས།།
འོད་དཀར་ཟ་ཟི་ཡི་ཐིག་ལེ།།
ཟླ་བ་ཁེར་འདུག་དེ་མཐོང་ཚེ།།
སེམས་ཁོང་གྲང་གྲང་ཞིག་ཡོད་དམ།།
མིག་ཟུང་ཟིམ་ཟིམ་གྱི་རྒྱབ་ན།།
སྐྱོ་བའི་ཆུ་རིས་ཤིག་བསྐུང་བའི།།
སྐར་མ་ཐར་ཐོར་ཞིག་ཤར་ན།།
སྤྱན་མཐའ་བརླན་བརླན་ཞིག་མིན་ནམ།།
འཆར་ཀའི་སྤྲིན་དམར་ཞིག་འཁྱིལ་དུས།།
འགྲོགས་མགོའི་སྐྱེངས་པ་དེ་དྲན་ཞིང༌།།
དགོང་ཁའི་གྲིབ་སོ་དེ་གུག་དུས།།
མཚན་མོའི་དུས་བཏབ་དེ་ཨེ་དྲན།།
ཟླ་བ་སྤྲིན་ཕག་ཏུ་ཡིབ་དུས།།
སྙིང་གི་རྩེ་བྲོ་དེ་དྲན་ཞིང༌།།
ཐོ་རེངས་འཁྲེང་བཞིན་གྱེས་པ་དེ་ཨེ་དྲན།།
རེ་སྨོན་གཙང་་ངོགས་ཀྱི་ཟླ་བ།།
བསྙབས་ནས་ཟིན་རྒྱུ་ཞིག་མི་འདུག།
ངང་སྒུག་སྤང་ཁ་ཡི་འཇའ་ཚོན།།
བདས་ནས་འཆིང་རྒྱུ་ཞིག་མི་འདུག།
འོན་ཏེ་སྔོན་བསགས་ཀྱི་སྨོན་ལམ།།
དཔྲལ་བའི་རི་མོ་རུ་ཡོད་ན།།
ཟླ་བ་སྒོར་མོ་ཞིག་ཤར་དུས།།
གླིང་ག་སྐྱིད་པོ་ནས་འཛོམས་འོང༌།།
རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།