རྒྱང་རིང་ལ་བསྐུར་བའི་འཕྲིན་པ།
བོད་རིགས་སློབ་མ་ཡོངས་ལ་བྲིས་པ།
མཚན་དཔེའི་དཔལ་འབར་ལང་ཚོས་རབ་སྒེག་ཅིང༌།།
བཻདཱུའི་རྒྱུད་མངས་གདངས་ལས་བརྒྱད་སྟོང་སྒྲ།།
བློ་ལྡན་ཚོགས་ལ་འདོམས་མཛད་མིག་ཡངས་མས།།
ཁོ་བོའི་གྲོགས་ལ་སྨྲ་བའི་བྱིན་རླབས་སྩོལ།།
ཡུལ་གྱིས་བསྐལ་བའི་ལྗོངས་སུ་རིག་པའི་གནས།།
སློབ་ཏུ་སོང་བའི་དགོས་པ་མ་འདོར་བར།།
བཀའ་དྲིན་གཞལ་མེད་ཐོན་མི་འཕགས་ཡུལ་དུ།།
ཕྱིན་པའི་རྣམ་ཐར་མཆོག་དེ་གཅེས་པར་ཟུངས།།
བློ་སྤྱན་པདྨའི་འདབ་སྟོང་གྲོལ་བ་ནས།།
གཤིས་བཟང་དྲི་ཡིས་ཁོར་ཡུག་མ་གཏོང་བར།།
བཀའ་པོད་ལྔ་ལ་སྦྱངས་ཚེ་བདག་སོགས་དང༌།།
རིང་དུ་འབྲལ་བའི་སྤོབས་པ་མ་ཉམས་མཛོད།།
སྔོན་བྱོན་མེས་པོ་དག་གི་མཛད་རྗེས་ལ།།
དམའ་འབེབས་བབ་ཅོལ་སྨྲ་བའི་རྒོལ་ངན་འགས།།
ཕྱོགས་ལྷུང་གཏམ་གྱི་མཆེ་སྡེར་ངོམ་པས་ན།།
ཞུམ་མེད་རིག་པའི་འཕྲུལ་གྱིས་ཐལ་བར་རློགས།།
རང་རིགས་ལ་རྒྱའི་བ་དན་སྲིད་པའི་རྩེར།།
བསྒྲེང་བའི་ངལ་བ་བདག་གིར་མཛད་པའི་ན།།
སྐྱེ་དགུའི་བསྔགས་བརྗོད་བྱ་དགའ་དམར་པོའི་རུས།།
མགུལ་དུ་བཅིང་པའི་སྐལ་བཟང་འབྱུང་བར་ངེས།།
གདོང་དམར་དག་ལ་རྗེས་ལུས་མི་རིགས་ཞེས།།
མཚང་ངན་གནག་རྫི་ཡིན་ཡང་སྙིང་ལ་གཟན།།
དེའི་ཕྱིར་རིག་པའི་གཏེར་དུ་བསྒྲུབ་མཛོད་ལ།།
མིང་དེ་དོར་བའི་ཐབས་སུ་རེམས་ཤིག་བུ།།
ཚངས་སྲས་དགའ་མའི་མགྲིན་པའི་སྐྱེད་ཚལ་ལས།།
འཕོས་པའི་སྙིང་གཏམ་པད་དཀར་ཆུན་པོ་འདི།།
རྒྱ་ཆེན་གཞུང་ལ་རྨོངས་པའི་དར་མ་དེས།།
སློབ་གྲོགས་ཡོངས་ལ་ཕུལ་བ་ཛ་ཡན་ཏུ།།
༩༩ལོའི་ཟླ༦པའི་ཚེས༡༥ཉིན་རང་ཤག་ནས།
རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།