ཐོལ་བྱུང་ངག་གི་ཁྱེའུ།
སྐྱིད་སོང་སྐྱིད་སོང་འཇུག་རྟེན་སྣང་བ་ཡི་ཁང་ཁྱིམ།།
སྡུག་སོང་སྡུག་སོང་འཁོར་བ་མུ་རྟག་གི་སྒྱུ་མ།།
སྐྱིད་སྡུག་གཉིས་ཀ་འཐབ་པ་འཁོར་འདུས་ཀྱི་གྲོང་ཁྱིམ།།
མེད་ན་ཡོད་པར་སྨོན་པའི་ཆགས་སྡང་གི་གཞི་མ།།
ཡོད་ན་བྱོལ་བར་འདོད་པའི་ཐར་ལམ་གྱི་རྐང་སྟེགས།།
འཁོར་འདུས་ཟུང་དུ་འཇུག་པའི་ས་ལམ་གྱི་གཞུང་ན།།
རྐང་རྩལ་སུ་མགྱོགས་འགྲན་པའི་འགྲོ་བ་འདི་མང་སོང༌།
འདི་ཕྱི་གཉིས་ཀ་འདུ་བའི་སྤོ་མཐོ་ཡི་སྒང་ན།།
གཏན་ཚིགས་ཚད་མར་བཞག་པའི་བློ་གྲོས་འདི་རྒོད་པས།།
མངོན་ལྐོག་དབང་དུ་བཞག་པའི་སྟག་སེང་གི་འཐབས་ཁས།།
འཇིག་རྟེན་བྲེད་ཤ་སློང་བའི་ཁྲག་དམར་ངང་འཛག་སོང༌།།
བལྟས་ན་ཡོད་ཚད་འཇིག་པའི་གཞི་མེད་ཀྱི་སྣང་སྟོང༌།།
དྲིས་ན་སུས་ཀྱང་རང་ལ་འགྲིག་འགྲིག་གིས་འཆད་པས།།
ལྟ་བའི་མཐར་ཐུག་འདི་ཡང་འཁོར་བ་ལས་མ་འདས།།
ཕྱི་མ་གཏན་གྱིས་མ་འགོག་སོ་སྐྱེས་ཀྱི་ཕོ་མོ།།
འབྱུང་གཞིའི་ལུས་རྟེན་ཤ་ཁྲག་གདོས་བཅས་ཀྱི་གྲུབ་ན།།
ན་འཆིའི་སྡུག་བསྔལ་སུས་ཀྱང་གཟུར་བ་ནི་མེད་པས།།
ཚོར་རེག་རྣོ་བའི་ལུས་རྟེན་རྣམ་ཤེས་ཀྱིས་དོར་ཚེ།།
མར་མེ་རླུང་གིས་གཟིམས་བཞིན་ཞི་འཇགས་སུ་ཟད་དམ།།
འདི་ཕྱི་གཉིས་ཀ་རིག་པའི་གྲུབ་ཆེན་གྱི་རྟོགས་ལྡན།།
ཚེ་འདི་སྙིང་བོ་དབེན་པའི་མཐར་ཐུག་གི་རྟོགས་པས།།
ཕྱི་མ་མིག་མཐོང་ཟིན་པའི་མངོན་ཤེས་དག་ལྡན་ན།།
གྲུ་ཟམ་ཤམ་གཤོག་པར་བརྗེས་ནས་འཕུར་འཕུར་ཅིག་ཆོག་གམ།།
འཇིག་རྟེན་འཇིག་རྟེན་ལས་འདས་འཁོར་བ་ཡི་གྲོང་ཚོ།།
སྐྱེ་དགུ་མཐོ་དམན་འདུ་བའི་ཁམས་གསུམ་གྱི་འཁོར་བ།།
མངོན་ལྐོག་གཉིས་སུ་ཕྱེས་པའི་ལས་དབང་གི་རྣམ་སྨིན།།
ཁ་བའི་འདབ་མ་ཇི་བཞིན་ཕྱོགས་དྲུག་ཏུ་བརྐྱངས་སོང༌།།
གཅིག་ཐོབ་ཅིག་ཤོས་ཤོར་བའི་འཁོར་འདས་ཀྱི་མགྲོན་པོ།།
ཐ་གུའི་སྐྱ་མ་ཇི་བཞིན་གྲིམ་གྲིམ་ལས་མ་འདས།།
དཔྱད་ན་ཟླུམ་གཟུགས་མཁའ་རུ་བཏེགས་པ་སྣོད་བཅུད་ཀྱི་ཞིང་ཁམས།།
གཞལ་ན་མགོ་མཇུག་ཆད་ལྷག་སྦྲེལ་བའི་ཚད་མེད་ཀྱི་འཁོར་ལོ།།
བསམ་ན་ཤེས་རབ་ཟབ་མོ་འཇུག་པའི་རིག་བྱེད་ཀྱི་སྒོ་མོ།།
འདི་གསུམ་དབང་དུ་བསྒྱུར་བའི་སྐྱེས་ཆེན་སུ་ཞིག་རང་འབྱོན་ནམ།།
རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།