ཁྲག་ཐིགས་ཀྱི་སྨྲེ་ངག
མི་ཚེ་རླུང་ལ་བསྐུར་བའི་ན་ཟུག་གི་ངུ་སྐད།།
དོན་མེད་མྱི་ཁར་ལྷུང་བའི་སྨྲེ་ངག་གི་དབྱངས་རྟ།།
གནམ་གྱི་རྒྱལ་མོའི་བཀའ་ཡིས་བདག་ཕྱོགས་སུ་གནང་བྱུང༌།།
ད་ནི་གང་འདོད་བྱ་བའི་འཇུ་ཐག་དེ་འཚོལ་འདོད།།
ལུང་རིག་གཉིས་འཛོམས་གངས་སེང་དཀར་མོ་ཡི་རྒྱུད་པ།།
གནམ་ས་བླ་འོག་བསྒྱུར་འདྲའི་བཤད་ཡམས་ཀྱིས་མ་ཁོགས།།
ཅོལ་ཆུང་རྣ་བ་རིང་བའི་ནུས་མེད་ཀྱི་རི་བོང༌།།
ཆགས་སྡང་གཡང་གཟར་ཟབ་མོའི་རྔམས་ཁ་ལས་མི་ཐར།།
དམིགས་མེད་ཞི་བའི་དབྱིངས་ལ་མཉམ་བཞག་ཅིག་བྱས་ཀྱང༌།།
འཛིན་མེད་དབང་ཤེས་ལྔ་བོ་ཕྱི་རོལ་ཏུ་འཁྱམས་འགྲོ།།
གསེར་མདོག་ལང་ཚོ་རྒྱས་པའི་དགོན་འདབས་ནས་ཆས་ཏེ།།
མ་འོངས་བྱ་བའི་ལས་དཀའ་རང་ཐོག་ཏུ་བླངས་ན།།
གསར་འགྲོགས་མྱི་ཡི་ཁ་ལ་འོ་དྲི་ཞིག་འཐུལ་བས།།
སྟོང་གསུམ་སྐྱེ་རྒུའི་སེམས་ཁམས་རབ་རིབ་ཏུ་མནོན་དུས།།
མི་ལོ་ཉི་ཤུར་བསགས་པའི་སྙིང་གཏམ་གྱི་མར་ལོ།།
ཁྲེལ་གཞུང་ཕྱི་ཐག་ཅན་གྱི་སོར་རྩེ་རུ་གཏོད་དགོས།།
སྐྱ་མིན་སེར་མིན་ཕུང་བོ་གསུམ་པ་ཡི་གཟུགས་ཀྱིས།།
ཆོས་སྲིད་གང་ལ་ཕན་པའི་ཞབས་འདེགས་ཤིག་མི་འོང༌།།
སྔ་གཞུག་གཉིས་ཀར་སེམས་པའི་གྲོས་མོལ་ལ་འབད་དེ།།
མི་ཚེ་འདི་ལ་རང་གི་འོས་འགན་དེ་སྐྱོང་རྒྱུ།།
བརྩེ་བའི་མདུད་པ་འཇིག་རྟེན་མི་ཡུལ་ལ་བཏབ་ཡོད།།
སྙན་གྲགས་སྙན་མོའི་ཅོད་པན་སྤྱི་གཙུག་ནས་དོར་ཡོད།།
ཕ་མ་ཉེ་འབྲེལ་རེ་བ་རླུང་ཡན་ལ་བསྐུར་ཡོད།།
འགོང་བོའི་ལག་པ་འགུལ་བའི་ཁྲམ་ལས་ལ་ཞུགས་ཡོད།།
སྔོན་ནས་གོམས་པའི་བག་ཆགས་ཨུ་ཚུགས་ཀྱིས་མི་སྤོང༌།།
རྟེན་འབྲེལ་ལྟ་བའི་རྣམ་གཞག་ཆོས་ཉིད་ཀྱིས་གྲུབ་འདུག།
མ་བཅོས་ལྷུན་གྱིས་གྲུབ་པའི་རང་རིས་ཀྱི་གཤིས་ཀ།
གདོད་ནས་བསྒྱུར་ཐབས་དཀའ་བ་ཅི་ཞིག་དང་འབྲེལ་དགོས།།
ཕ་དང་བུ་ཡི་འདོད་ཚུལ་སོ་སོ་རང་ཡིན་པས།།
གཅིག་སེམས་གཅིག་གིས་ཐེག་པའི་བདེ་སྐྱིད་ནི་རྙེད་དཀའ།།
བྱམས་པའི་སེམས་བསྐྱེད་རྒྱུད་ནས་འགགས་པ་ཞིག་མིན་ཡང༌།།
འཇིག་རྟེན་འཚོ་བའི་ཉམས་མྱོང་ཁ་ཁ་རུ་གྱུར་སོང༌།།
ལྷ་ཀླུ་དྲང་སོང་ཁྲོས་པའི་འགྲོ་སྟངས་ཤིག་བསླབས་ནས།།
མི་མིན་འདྲེ་མིན་དམག་ཚོགས་བརྒྱ་ཕྲག་ལ་གནོད་སོང༌།།
སྒེག་མཛེས་ལྷ་མོའི་དཔུང་གི་ཟུར་མིག་དང་འཕྲད་དེ།།
བློ་དང་སྤོབས་པའི་བྱིན་ཤ་བལ་ཐིག་བཞིན་ལྷོད་འདུག།
དག་སྣང་དད་པ་མེད་པའི་བུ་རུལ་ངའི་ཕུང་བོ།།
འདུ་འཛིའི་སྤྲོས་པ་བཅད་པའི་རི་ཁྲོད་དུ་བསྡད་ཀྱང༌།།
དྲིན་ཆེན་ཕ་མའི་ཐུགས་ཀྱི་ཁུར་བོ་ཙམ་མ་གཏོགས།།
བསྟན་པའི་ལ་རྒྱ་ཟིན་ཚོད་རང་སྟེང་དུ་མི་མཛའ།།
དགྲ་གཉེན་བར་མའི་གོ་རིམ་རྦ་རླབས་བཞིན་འཁྲིགས་ཤིང༌།།
ཆགས་སྡང་བཤད་པ་རླུང་ཁའི་རྩྭ་སྐྱ་དང་མཚུངས་པས།།
ང་འདྲའི་ཉམ་ཆུང་དཔུང་གི་འཚོ་བ་འདིའི་སྣེ་མོར།།
གནམ་ས་ཧྲིལ་གྱིས་སྒུལ་བའི་སྡུག་བསྔལ་ཞིག་ཡོང་ཡོད།།
གཞུང་ཆེན་ཐོད་ལ་བཅིངས་པའི་དགེ་བཤེས་ཚོའི་གཏད་སོ།།
སྟོང་བ་མཐའ་དབུས་བྲལ་བའིའཁོར་འདས་ཀྱི་ངོ་བོ།།
སྐྱེས་སྦྱངས་རིག་པ་དམན་པའི་བཙུན་གཟུགས་ངའི་དམིགས་ཡུལ།།
རྒྱལ་ཕམ་ཐེད་ལ་བོར་བའི་སྟབས་བདེ་ཡི་ཁྱིམ་གཞི།།
ནང་གི་འབྱུང་བཞི་འཁྲིགས་པས་ལུས་ཕུང་འདི་རྒུད་སོང༌།།
འདོད་པ་བཙན་གྱིས་བཀག་ནས་སྙིང་རླུང་ཞིག་ཐེབས་ཡོད།།
བྱ་རྒྱལ་ཐང་དཀར་རྒོད་པོས་མྱི་སྐད་ཅིག་ཤེས་ནས།།
ཁ་སེམས་དོན་དུ་འཁྱོལ་བའི་ལག་ལེན་ཞིག་བྱུང་ན།།
ལོ་ཟླ་རེ་རེ་གསེབ་ན་འདུ་འབྲལ་གྱི་སྡུག་བསྔལ།།
ཉིན་མཚན་དཀར་ནག་གཉིས་ལ་རེ་སྒུག་གི་མིག་ཆུ།།
སྐྱེ་བ་སྔ་ཕྱིའི་མཚམས་སུ་རྒྱུ་འབྲས་ཀྱི་འཇུག་ཚུལ།།
ཉམ་ཆུང་བུ་ལོའི་གཉའ་ལྟག་རི་རབ་ཀྱིས་མནན་ཡོད།།
ཁ་བ་སྤྲིན་དུ་གཏིབས་པ་དུས་བཞི་ཡི་འགྱུར་ལྡོག།
སེམས་ཀྱི་གཏད་སོ་བརྗེས་པ་མི་རྟག་པའི་རང་བཞིན།།
སྔོན་ནས་དྲན་པའི་བག་ཆགས་གཟུགས་མེད་ཀྱི་རྙི་ཐག།
ས་མཚམས་གང་ནས་གཅོད་རྒྱུའི་གྲོས་ཁ་དེ་མ་འཆམ།།
འདྲིས་འདྲིས་སེམས་ཀྱི་རི་མོ་སྨྱུག་རྩེ་རུ་དྲངས་ནས།།
སྒྱུ་རྩལ་ཚོན་སྣ་ལྔ་ཡི་ཟུངས་བཅུད་དང་བསྡེབས་ན།།
སྣང་གསལ་དབྱངས་རྟ་འདྲེན་པ་རྒྱལ་སྲས་ཀྱི་འཁོར་ཚོགས།།
རྨད་བྱུང་ངག་གི་མཆོད་པའི་གསོལ་སྟོན་དུ་ཕེབས་རོགས།།
རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།