བརྩོན་འགྲུས།
གང་ཞིག་བསྟེན་ན་ཤེས་བྱའི་ལམ་པོ་ཆེར།།
བདེ་བླག་བཀྲི་བའི་ཐབས་ལམ་རྨ་མེད་པ།།
དམ་པ་ཀུན་གྱིས་བསྔགས་པའི་གཞིར་གྱུར་བ།།
བརྩོན་འགྲུས་ཉམས་སུ་བསྟེན་པའི་དགེ་མཚན་གླེང༌།།
གཅེས་ཤིང་ཕན་པིའེ་སེམས་ཀྱི་རྫུ་བག་གིས།།
རྩེ་དགོད་གཡེང་བའི་ལས་ཀྱིས་འབྲིད་བྱེད་པ།།
རྣམ་གཡེང་ལེ་ལོ་གཞོམ་པའི་དཔལ་རེ་ན།།
དུས་དྲུག་བརྩོན་པའི་སྐལ་བ་དང་དུ་ལོངས།།
གང་ཡང་མི་སློབ་ཅི་ཡང་མི་དྲན་པའི།།
བྱིང་རྨུགས་གཏི་མུག་ཀློང་དུ་སིམ་གྱུར་བ།།
སྐྱིད་ལུག་ལེ་ལོ་གཞོམ་པའི་དཔལ་རེ་ན།།
ཆུ་ཚོད་འཁོར་ལོའི་འགྲོས་བཞིན་སློབ་ལ་གཞོལ།།
རང་ལུགས་གཏོད་སོ་གཅིག་གི་བྱ་གཞག་ལ།།
སྒྲུབ་པར་བརྩོན་ཆེ་བག་མེད་དུ་ཆང་སོགས།།
ཐ་ཆད་བྱ་བར་་ཞེན་པ་སྤང་བ་ལ།།
རྩེ་གཅིག་བརྩོན་པ་དྲག་པོ་རྒྱུ་འཁྱོངས་བྱ།།
སྲིད་ཞིའི་སྤང་བླང་དབྱེ་ལ་རྣམ་འབྱེད་བློ།།
བདག་ལ་དབེན་ཞེས་སྙམ་པའི་འཁོས་ཆུང་སེམས།།
བདག་ཉིད་བརྙས་པའི་ལེ་ལོ་གཞོམ་པ་ལ།།
བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པ་གལ།།
ཡང་དག་དོན་ལ་སློབ་པའི་སེམས་བརྟན་ཡང༌།།
སང་བྱ་གནངས་བྱས་བསླུ་བའི་ཕྲ་མེན་ན།།
ཕྱི་གཤོལ་ལེ་ལོ་གཞོམ་པའི་དཔལ་རེ་ན།།
ཉིན་ཞག་ཆུ་ཚོད་སྒེག་མོའི་རྒྱུན་དང་བསྟུན།།
ལེ་ལོ་རྣམ་བཞི་གཞོམ་པའི་མཐུ་རྩལ་ཅན།།
ཚོགས་གཉིས་འོ་མཚོ་འཕེལ་བའི་བསིལ་སྦྱིན་དང༌།།
བསླབ་གསུམ་ངོ་སོ་བསྟོད་པའི་གྲོགས་ཀྱི་ཕུལ།།
བརྩོན་འགྲུས་བསྟེན་པའི་མི་དེ་ནམ་ཡང་འཚེངས།།
རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག