ཁོང་འཛུམ་མ་གནང༌།
འདི་སྣང་སྒྱུ་མའི་རྣམ་འཕྲུལ་འབོལ་ས་རྟེན་དུ་བྱས་ཤིང༌།།
རྨོངས་ཞེན་སྙིང་གི་མདུད་རྒྱ་ཇེ་དམ་དུ་གཏོང་པ།།
ཆོས་བརྒྱད་སྒྲོག་གིས་བཅིངས་པའི་འདོད་སྲེད་ཀྱི་སྙིང་ལ།།
འབེལ་མཆིད་གཏམ་གྱི་སྤུ་གྲིའི་ཆོ་ལོ་ཞིག་འབུལ་འདོད།།
རིན་ཐང་གཞལ་དཀའི་གསེར་དངུལ་གཡུ་བྱུར་གྱི་སླད་དུ།།
ང་ནི་དུས་གསུམ་མཁྱེན་པའི་བླ་མ་་རུ་སྤྲུལ་ཏེ།།
ཆོག་ཤེས་དམ་ཆོས་ཟབ་མོའི་བཀའ་ཆོས་རེ་གནང་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
ཞིམ་མངར་རོ་བརྒྱ་ལྡན་པའི་ཁ་ཟས་ཤིག་འཚོལ་སླད།།
ང་ནི་ཐར་མདོ་གྱེར་བའི་ཨ་མཆོད་དུ་སྤྲུལ་ཏེ།།
ཚུལ་འཆོས་མིག་ཟུང་འཚུམ་བཞིན་འདོད་ཡོན་ལ་རྔམས་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
སྟོང་གསུམ་རལ་བར་དོགས་པའི་རྔ་ཆེན་ཞིག་ཁུར་ཏེ།།
ང་ནི་འདྲེ་སྲིན་འདུལ་བའི་སྔགས་འཆང་དུ་སྤྲུལ་ནས།།
སྤྱན་ཟུང་ནམ་མཁར་བསྐོར་བའི་གྲུབ་རྫུ་དེ་བྱས་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
རང་བྱུང་འཇག་སྐྱ་ཕྲ་མོའི་རྩྭ་ཕུང་གི་སླད་དུ།།
ང་ནི་ཕུ་ནུ་འཇོམས་པའི་དཔའ་རྒོད་དུ་སྤྲུལ་ནས།།
མེ་མདའ་ཕྲག་ལ་གཟར་ནས་ཀི་བསོ་རེ་བཏང་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
གསར་རྩོམ་མཁས་དབང་འགྱིང་བའི་འབོལ་སྟན་གྱི་སླད་དུ།།
ང་ནི་རྩོམ་རིག་སྤེལ་བའི་མཁན་པོ་རུ་སྤྲུལ་ཏེ།།
མིག་ཟུང་སྒོར་ལ་འཕེན་པའི་ཉམས་འགྱུར་འདི་སྟོན་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
རང་ཉིད་འུར་བསྟོད་བྱེད་པའི་གྲགས་སྐམ་འཚོལ་སླད།།
ང་ནིའཇོན་ཐང་ཅན་གྱི་ལས་བྱེད་དུ་སྤྲུལ་ནས།།
ལ་རྒྱའི་ཁ་ཕོ་མཐོ་བའི་བབ་ཅོལ་རེ་སྨྲས་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
མཚར་སྡུག་ལང་ཚོའི་སྒེག་ཉམས་ངོམ་འདོད་ཀྱི་སླད་དུ།།
ང་ནི་སྒེག་འཕྱོར་སྤྲས་བའི་ཕོ་གསར་དུ་སྤྲུལ་ཏེ།།
དལ་འབྱོར་ལུས་ཀྱི་རྟེན་བཟང་དུ་ཆང་ལ་བརྗེས་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
རིན་ཐང་གཞལ་དུ་མེད་པའི་སྟོབས་འབྱོར་གྱི་སླད་དུ།།
ང་ནི་དྲང་དོན་འབྱེད་པའི་རྫོང་དཔོན་དུ་ས་སྤྲུལ་ཏེ།།
མིག་ཞགས་ཟོང་ལ་ཐེབས་པའི་འཇིག་རྟེན་ཏེ་བསྒྲུབས་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
རིན་ཆེན་མཛོད་དུ་བསྲེལ་བའི་འབྱོར་ཕྱུག་གི་སླད་དུ།།
ང་ནི་ཟོང་རྫུན་འགྲེམ་པའི་ཚོང་དཔོན་དུ་སྤྲུལ་ཏེ།།
བསླུ་བྲིད་གཏམ་གྱི་ལྡེ་མིག་སོར་རྩེ་རུ་བསྐོར་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
གཡུ་བྱུར་འབྱོར་བས་རང་གི་བཟའ་ཚོ་རྣམས་གསོ་སླད།།
ང་ནི་ཕྱི་མ་མཁྱེན་པའི་མོ་མ་རུ་སྤྲུལ་ཏེ།།
ལེགས་ཉེས་གཏམ་གྱི་ཤན་ཁ་ཕྲེང་གོག་ལ་བཅོལ་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
རང་ཉིད་ཞི་བདེ་གཉེར་བའི་མདུན་གྱི་སླད་དུ།།
ང་ནི་ཕྱི་ཐག་རིང་བའི་མཛའ་གྲོགས་སུ་གྱུར་ནས།།
མངོན་ལྐོག་རིས་སུ་འབྱེད་པའི་གཡོའཕྲུལདེ་བྱས་ན།།
གཟུར་གནས་མཁས་པས་ང་ལ་ཁོང་འཛུམ་རེ་མ་གནང༌།།
རྩོམ་ཁུངས། ཚེ་སྲོག་ལ་འཁྱིལ་བའི་ཟུངས་ཁྲག