བདག་ཉིད་བསྟོད་པ།
___ཚིག་བཟང་ཡང་སྙན་ངག་ལ་དོན་གྱིས་སྟོངས་ན་རྒན་མོ་རྒས་གཉེར་ཅན་ལ་གོས་བཟང་གིས་གཡོགས་པའི་ཚུལ་ཙམ་ལས་མ་འདས། གནམ་ས་ན་གོས་ཀྱིས་མ་བཀླུབས་པའི་གཞོན་ནུ་མར་སྙིང་ཁུངས་རིས་པའི་གཏིང་ནས་དགའ་ཞེན་ལྡན་པའི་བདག་གིས་རང་ཉིད་བསྟོད་པའི་སྙན་ངག་འབྲི་བར་བྱ་ཡི་ཉོན།
སྲོལ་འབྱེད་སྒོ་འབྱེད་མང་ན་ཡང་།།
ཚང་མ་ཤིང་སྒོ་ཤིང་རྟ་རེད།།
ལྕགས་སྒོ་ལྕགས་སྲོལ་འབྱེད་མཁན་ཞིག།
ད་ལྟ་ཨ་རིའི་ཡུལ་ན་ཡོད།།
མི་དག་དགའ་ན་འབུ་ལའང་བསྟོད།།
མ་དགའ་ཕ་མ་ཡིན་ཡང་དམོད།།
རང་ལུས་དལ་འབྱོར་རླབས་པོ་ཆེར།།
ཅུང་ཙམ་བསྟོད་ན་ཅིས་མི་འཚལ།།
ས་ཡི་དཀྱིལ་འཁོར་དབང་བསྒྱུར་བའི།།
ཆེན་པོ་བོད་ཀྱི་སྟོབས་འབྱོར་གྱི།།
རྣམ་ཐར་ཉམས་པའི་རྒྱུ་རྐྱེན་གཅིག།
རང་ཉིད་མ་བསྟད་མ་གུས་ཡིན།།
ལོ་ནི་ཕལ་ཆེར་བཞི་ཅུར་སླེབས།།
ལྷ་མིའི་གོ་འཕང་ངས་མ་བརྙེས།།
དབུལ་ཞིང་ཕོངས་པའི་བདག་ཉིད་ལ།།
དང་པོ་སྐྱབས་འགྲོ་ཕྱག་གསུམ་འབུལ།།
སྐྱེས་དུས་སྔོན་གྱི་ལས་མི་དྲན།།
རིག་གནས་བཅུ་པོར་ཡང་བསྐྱར་སྦྱང་།།
སྦྱངས་བ་མཐར་དུ་ཕྱིན་པའི་རྟགས།།
གཞལ་ཐབས་བྲལ་བ་ཉམས་རེ་དགའ།།
རྒྱུ་སྐར་མང་པའི་མཁའ་ལམ་ན།།
འོད་གསལ་ཉི་མ་ལྟ་བུ་མེད།།
ས་སྟེང་ས་འོག་ས་བླ་ན།།
རྒྱ་ཡིག་བོད་ཡིག་ང་འདྲ་མེད།།
རྒྱ་སྐད་བོད་སྐད་སྨྲ་དགའ་དག།
བདག་གི་གམ་དུ་སླེབས་ཙ་ན།།
གཡོ་སྒྱུ་ཆེ་བའི་རི་དྭགས་འགའ།།
གློ་བུར་སེང་གེར་འཕྲད་བཞིན་འཇིགས།།
དངུལ་ཁང་ནང་ན་ཨ་སྒོར་སྟོང་ཐམ་པ།།
ཉལ་ཁྲིའི་ཐོག་ཏུ་ཆུང་མ་བསམ་ཤེས་ཤིག།
ཀླད་པའི་ནང་ན་བདག་ཉིད་ཁོ་ན་བཀང་།།
འདི་ལས་ལྷག་པའི་ནོར་བུ་སུ་ལ་ཡོད།།
སེང་གེ་ཐང་ན་རྒྱུ་བ་བཞིན།།
བདག་གི་སེམས་ནི་དོགས་སྐྲག་བྲལ།།
རྣལ་འབྱོར་བ་ལ་མི་མངའ་བའི།།
ཉམས་སྣང་དེ་འདྲ་ང་ལ་གདའ།།
སྟོང་ཉིད་ཆུ་རྙོག་དཀྲུགས་དཀྲུགས་ནས།།
ཕན་བདེའི་མར་ལོ་འབྱུང་ལ་རེ།།
ཀྱེ་མ་བྱུང་འདས་བོད་མཁས་རྣམས།།
ཕྱིན་ཅི་ལོག་ལ་ཡུན་རིང་ཞུགས།།
རང་གྲོལ་མཁས་ཀྱང་སྔ་ནས་བཞུད།།
ཞོགས་དུང་དཔའ་ཡང་ཡོན་ཏན་མེད།།
ཚ་བ་མདའ་སྨྱུག་འཇའ་ལྟར་ཡལ།།
ལེགས་བཤད་འདི་སྤེལ་བདག་ཁོ་ན།།
གཞན་ལ་བསྟོད་པའི་དུས་རབས་ཡལ།།
རང་ཉིད་བསྟོད་པའི་སྐྱ་རེངས་ཤར།།
རང་རང་བཙན་ན་ང་བཙན་ཡིན།།
བདག་ཉིད་གཙོ་ན་མང་གཙོ་ཡིན།།
ཁ་བརྡ་བུམ་པ་འདྲ་མོའི་ནང་།།
བདག་ཉིད་རྒྱ་མཚོ་ག་ལ་གཤོངས།།
སྐོམ་པས་མནར་བའི་སྤུན་ཟླ་ཚོར།།
གདུང་སེལ་བདུད་རྩི་འདི་ཙམ་སྦྱིན།།
བདག་ལ་བསྟོད་པ་གཞན་ཡོད་ན།།
འཛུམ་དང་མེ་ཏོག་དམ་པས་བསུ།།
བདག་ལ་སྨད་པ་གཅིག་ཡོད་ན།།
གནའ་ཤི་ད་འགྱེལ་ཕ་ཁུ་ཡོ།།
སློབ་དཔོན་པད་མས་མཆེ་བ་གཙིགས།།
སེང་ཆེན་ནོར་བུ་རྟ་ལ་བཅིབས།།
ཅིང་གུར་རྒྱལ་བོ་གཡུལ་ངོར་སླེབས།།
ཀི་ཀི་སོ་སོ་བདག་རྒྱལ་ལོ།།
བསམ་གྱིས་མི་ཁྱབ་སྙན་ངག་ལ།།
བརྗོད་ལས་འདས་པའི་བརྗོད་བྱ་མང་།།
གཟུར་གནས་དཔའ་བོའི་སྤྱོད་ཡུལ་ལས།།
བྱིས་བློ་དག་གི་གཞལ་བྱ་མིན།།
སུམ་རྟགས་མཁན་པོས་སྐྱོན་མ་བཙལ།།
སྙན་ངག་ཅན་པོས་སྒྲོ་མ་འདོགས།།
འགྱོད་བཤགས་བགྱིད་དོན་སྤུ་ཙམ་མེད།
གུས་ཕྱག་འབུལ་སའང་གཞན་ན་མེད།།
རྩོམ་ཁུངས། ངེད་དྲ་བ།