ལྟ་མགུར་དྲང་སྲོང་དགྱེས་གླུ།

ཕན་ཤུལ་འཆི་མེད་དབང་འདུས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-24


དེ་ཉིད་མཐོང་བ་ཡི་བློ་དང་རྣམ་དཔྱོད།།
ཐུགས་རྗེས་སྩོལ་མཛད་ཀྱི་དྲིན་ཅན་བླ་མ།།
བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག།
གང་ཤར་མགུར་མ་ཡི་བརྡ་གླུ་ལེན་ནོ།།
 
ཤེས་རིག་སྒྲོན་མེ་དེ་ཡུན་རིང་སྟོར་བའི།།
དམུས་ལོང་འཁྱམ་པོ་ང་ཇི་ཞིག་ལྟར་ཏེ།།
རིག་པའི་ཉི་འོད་དེ་ནང་དུ་ཡོད་པ།།
ངོ་མ་ཤེས་པ་དེ་ཤེས་ལ་ཁད་དོ།།
 
ཇོ་ཇོ་བརྩོན་འགྲུས་དེས་ལྐོག་ཏུ་བསྙད་པས།།
ངོ་མཚར་ལྟད་མོ་ཞིག་མཐོང་ལ་ཁད་པ།།
བརྟན་གཡོའི་དངོས་པོ་དེ་སྣང་བའི་བརྫུ་བག།
ཆགས་སྡང་རྣམ་རྟོག་ཀྱང་འཁྲུལ་བའི་རི་མོ།།
 
ཡུལ་གྱི་བརྙན་རིས་དེ་མཛེས་མཛེས་འདྲ་བས།།
ཡུལ་ཅན་བུ་ཆུང་ཁོ་བསླུས་ནས་འདུག་པ།།
ཨ་ཇོ་རྟེན་འབྱུང་དེར་སྐྱོབ་པར་རེ་ན།།
རྟོག་མེད་ཤེས་པ་དེས་རང་ངོ་སྟོན་དང་།།
 
རྣམ་པ་གཅིག་ཏུ་ན་འཁོར་བའི་ཆོས་ཀུན།།
འཁྲུལ་པའི་རང་གཟུགས་ཀྱི་ངོ་བོར་ཤར་བས།།
ཟག་ཟད་ཆོས་སྐུ་ཡི་ཞིང་ཁམས་དེ་རུ།།
བདེན་གྲུབ་ངོ་བོ་ཡིས་སྟོང་པར་སྣང་ངོ་།།
 
རྟོག་འགྱུ་སྣ་ཚོགས་འདི་བྱིས་པའི་འཁྲུལ་སྣང་།།
བྱེད་སྩོལ་འདི་དག་ཀྱང་བྱེ་མའི་མཁར་ལས།།
སྒྱུ་མའི་རོལ་གར་གྱི་ཡོ་ལང་འདི་ཡིས།།
མ་དག་འགྲོ་བ་ཀུན་བསླུས་ནས་འདུག་གོ།
 
ཡོད་ཡོད་འདྲ་བ་ཡི་བདེ་དང་སྡུག་བསྔལ།།
ལྟོས་མེད་ཚུགས་ཐུབ་ཏུ་གྲུབ་པ་མེད་ན།།
འཁྲུལ་བའི་རྣམ་རྟོག་གི་ན་བུན་ཡལ་དུས།།
ཚོར་བ་བདེ་སྡུག་གི་རྒྱ་ལས་གྲོལ་ལོ།།
 
བརྟན་གཡོའི་དངོས་པོ་ཡི་གྲུབ་ཚུལ་ཀུན་ཀྱང་།།
བག་ཆགས་མཁན་པོ་ཡི་རོལ་གར་ལགས་ན།།
རྟེན་འབྱུང་ཆོས་ཉིད་ཀྱི་ངོ་བོའི་གཤིས་ཀ།
ལན་གཅིག་མཇལ་བ་ཡི་སྐལ་བཟང་འཚོལ་འགྲོ།
 
དོན་ཀུན་གྲུབ་པ་ཡི་ཞལ་ཆེམས་ཟབ་མོ།།
འཕགས་བོད་མཁས་པ་ཡིས་བྱ་ཞིག་བཏང་བས།།
བརྒྱུད་ལྡན་བླ་མ་ཡི་ཕ་ཕོག་ནང་ནོམ།།
ངོམ་མེད་སྤྱོད་པ་ཡི་སྤོབས་སེམས་སྐྱེད་དང་།།
 
ད་ལྟ་རང་རེ་ཡི་བློ་གསར་འགའ་ཞིག།
སྣང་བ་ལིང་ལིང་ལ་ཞེན་ཆགས་ཆེ་བས།།
རྟོག་འགྱུའི་རི་མོ་ལ་མཁས་ཚོད་སྣང་ཡང་།།
ཆོས་བརྒྱད་འཇའ་ཚོན་གྱིས་བྲིད་ཉེན་ཆེ་འོ།།
 
གནད་འགག་མ་ཕིགས་པའི་ཁ་ཕོ་ཅན་འགས།།
ས་རྒྱ་རི་སྐོར་གྱི་གཞུང་བཤད་མང་ཡང་།།
ཇོ་ཇོ་རྟེན་འབྱུང་དང་འབྲེལ་འདྲིས་མེད་ན།།
རིག་པའི་ཉི་འོད་དང་རྒྱང་ཐག་རིང་འགྲོ།
 
ཚན་འཕྲུལ་ཐ་སྙད་ཀྱི་མཁས་སྟངས་དེ་ཡིས།།
ཤེས་བྱའི་དེ་ཉིད་ལ་མཇལ་བ་མིན་པས།།
རྟེན་འབྱུང་རིག་པ་ཡི་གྲོལ་ལུགས་ཕྲ་མོར།།
གཤའ་མའི་བདེན་དོན་གྱི་གནས་སྟངས་དྲིས་དང་།།
 
རྒྱུ་འབྲས་གནས་སྟངས་ལ་སྒྲོ་སྐུར་མེད་པས།།
རིག་གསར་མཁས་དབང་རྣམས་དགྱེས་དགྱེས་མཛོད་ཅིག།
ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཉིད་བསྟན་པས།།
གྲུབ་མཐའི་མཁན་པོ་ཀུན་བློ་འཚུབ་མི་དགོས།།
 
འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས།།
གང་དྲན་ཤོད་པ་ལ་དགྱེས་དགྱེས་འདྲ་ཡང་།།
དོན་གྱི་གནས་སྟངས་དང་འགལ་བར་མཐོང་ནས།།
ཚིག་ཉུང་དོན་ཟབ་ཀྱི་ཚུལ་དུ་བྲིས་ཡོད།།
 
ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས།།
ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག།
ཁོ་བོ་ཀུན་མཁྱེན་གྱི་ཤར་པོ་མིན་ཡང་།།
ཕ་མེས་གཞུང་ལུགས་ལ་སྦྱངས་པའི་སྟོབས་རེད།།
 
སྟོང་ཉིད་མ་རྟོགས་ཀྱང་ལྟ་བ་གླེང་བ།།
རྟེན་འབྲེལ་གཞུང་ལུགས་ལ་གོམས་པའི་མཐུ་འདྲ།།
ཉོན་མོངས་མ་གྲོལ་ཡང་གྲོལ་ལུགས་ཤེས་པ།།
དྲིན་ཅན་བླ་མ་ཡི་བཀའ་དྲིན་ལོས་ཡིན།།
 
དོན་ཀུན་གྲུབ་པ་ཁོང་བཀའ་དྲིན་ཆེ་འོ།།
བརྒྱུད་ལྡན་བླ་མ་རྣམས་བཀའ་དྲིན་ཆེ་འོ།།
ཇོ་ཇོ་རྟེན་འབྱུང་ཡང་བཀའ་དྲིན་ཆེ་འོ།།
དད་བརྩོན་ཤེས་རབ་ཀྱང་བཀའ་དྲིན་ཆེ་འོ།།
         སྤྱི་ལོ་༢༠༡༡ལོའི་ཟླ་༡༡ཚེས་༡༣ཉིན།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྟ་མགུར་དྲང་སྲོང་དགྱེས་གླུ།

2011-12-24 ཕན་ཤུལ་འཆི་མེད་དབང་འདུས། ཀློག་གྲངས། མཆན ཡོད།


དེ་ཉིད་མཐོང་བ་ཡི་བློ་དང་རྣམ་དཔྱོད།།
ཐུགས་རྗེས་སྩོལ་མཛད་ཀྱི་དྲིན་ཅན་བླ་མ།།
བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག།
གང་ཤར་མགུར་མ་ཡི་བརྡ་གླུ་ལེན་ནོ།།
 
ཤེས་རིག་སྒྲོན་མེ་དེ་ཡུན་རིང་སྟོར་བའི།།
དམུས་ལོང་འཁྱམ་པོ་ང་ཇི་ཞིག་ལྟར་ཏེ།།
རིག་པའི་ཉི་འོད་དེ་ནང་དུ་ཡོད་པ།།
ངོ་མ་ཤེས་པ་དེ་ཤེས་ལ་ཁད་དོ།།
 
ཇོ་ཇོ་བརྩོན་འགྲུས་དེས་ལྐོག་ཏུ་བསྙད་པས།།
ངོ་མཚར་ལྟད་མོ་ཞིག་མཐོང་ལ་ཁད་པ།།
བརྟན་གཡོའི་དངོས་པོ་དེ་སྣང་བའི་བརྫུ་བག།
ཆགས་སྡང་རྣམ་རྟོག་ཀྱང་འཁྲུལ་བའི་རི་མོ།།
 
ཡུལ་གྱི་བརྙན་རིས་དེ་མཛེས་མཛེས་འདྲ་བས།།
ཡུལ་ཅན་བུ་ཆུང་ཁོ་བསླུས་ནས་འདུག་པ།།
ཨ་ཇོ་རྟེན་འབྱུང་དེར་སྐྱོབ་པར་རེ་ན།།
རྟོག་མེད་ཤེས་པ་དེས་རང་ངོ་སྟོན་དང་།།
 
རྣམ་པ་གཅིག་ཏུ་ན་འཁོར་བའི་ཆོས་ཀུན།།
འཁྲུལ་པའི་རང་གཟུགས་ཀྱི་ངོ་བོར་ཤར་བས།།
ཟག་ཟད་ཆོས་སྐུ་ཡི་ཞིང་ཁམས་དེ་རུ།།
བདེན་གྲུབ་ངོ་བོ་ཡིས་སྟོང་པར་སྣང་ངོ་།།
 
རྟོག་འགྱུ་སྣ་ཚོགས་འདི་བྱིས་པའི་འཁྲུལ་སྣང་།།
བྱེད་སྩོལ་འདི་དག་ཀྱང་བྱེ་མའི་མཁར་ལས།།
སྒྱུ་མའི་རོལ་གར་གྱི་ཡོ་ལང་འདི་ཡིས།།
མ་དག་འགྲོ་བ་ཀུན་བསླུས་ནས་འདུག་གོ།
 
ཡོད་ཡོད་འདྲ་བ་ཡི་བདེ་དང་སྡུག་བསྔལ།།
ལྟོས་མེད་ཚུགས་ཐུབ་ཏུ་གྲུབ་པ་མེད་ན།།
འཁྲུལ་བའི་རྣམ་རྟོག་གི་ན་བུན་ཡལ་དུས།།
ཚོར་བ་བདེ་སྡུག་གི་རྒྱ་ལས་གྲོལ་ལོ།།
 
བརྟན་གཡོའི་དངོས་པོ་ཡི་གྲུབ་ཚུལ་ཀུན་ཀྱང་།།
བག་ཆགས་མཁན་པོ་ཡི་རོལ་གར་ལགས་ན།།
རྟེན་འབྱུང་ཆོས་ཉིད་ཀྱི་ངོ་བོའི་གཤིས་ཀ།
ལན་གཅིག་མཇལ་བ་ཡི་སྐལ་བཟང་འཚོལ་འགྲོ།
 
དོན་ཀུན་གྲུབ་པ་ཡི་ཞལ་ཆེམས་ཟབ་མོ།།
འཕགས་བོད་མཁས་པ་ཡིས་བྱ་ཞིག་བཏང་བས།།
བརྒྱུད་ལྡན་བླ་མ་ཡི་ཕ་ཕོག་ནང་ནོམ།།
ངོམ་མེད་སྤྱོད་པ་ཡི་སྤོབས་སེམས་སྐྱེད་དང་།།
 
ད་ལྟ་རང་རེ་ཡི་བློ་གསར་འགའ་ཞིག།
སྣང་བ་ལིང་ལིང་ལ་ཞེན་ཆགས་ཆེ་བས།།
རྟོག་འགྱུའི་རི་མོ་ལ་མཁས་ཚོད་སྣང་ཡང་།།
ཆོས་བརྒྱད་འཇའ་ཚོན་གྱིས་བྲིད་ཉེན་ཆེ་འོ།།
 
གནད་འགག་མ་ཕིགས་པའི་ཁ་ཕོ་ཅན་འགས།།
ས་རྒྱ་རི་སྐོར་གྱི་གཞུང་བཤད་མང་ཡང་།།
ཇོ་ཇོ་རྟེན་འབྱུང་དང་འབྲེལ་འདྲིས་མེད་ན།།
རིག་པའི་ཉི་འོད་དང་རྒྱང་ཐག་རིང་འགྲོ།
 
ཚན་འཕྲུལ་ཐ་སྙད་ཀྱི་མཁས་སྟངས་དེ་ཡིས།།
ཤེས་བྱའི་དེ་ཉིད་ལ་མཇལ་བ་མིན་པས།།
རྟེན་འབྱུང་རིག་པ་ཡི་གྲོལ་ལུགས་ཕྲ་མོར།།
གཤའ་མའི་བདེན་དོན་གྱི་གནས་སྟངས་དྲིས་དང་།།
 
རྒྱུ་འབྲས་གནས་སྟངས་ལ་སྒྲོ་སྐུར་མེད་པས།།
རིག་གསར་མཁས་དབང་རྣམས་དགྱེས་དགྱེས་མཛོད་ཅིག།
ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཉིད་བསྟན་པས།།
གྲུབ་མཐའི་མཁན་པོ་ཀུན་བློ་འཚུབ་མི་དགོས།།
 
འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས།།
གང་དྲན་ཤོད་པ་ལ་དགྱེས་དགྱེས་འདྲ་ཡང་།།
དོན་གྱི་གནས་སྟངས་དང་འགལ་བར་མཐོང་ནས།།
ཚིག་ཉུང་དོན་ཟབ་ཀྱི་ཚུལ་དུ་བྲིས་ཡོད།།
 
ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས།།
ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག།
ཁོ་བོ་ཀུན་མཁྱེན་གྱི་ཤར་པོ་མིན་ཡང་།།
ཕ་མེས་གཞུང་ལུགས་ལ་སྦྱངས་པའི་སྟོབས་རེད།།
 
སྟོང་ཉིད་མ་རྟོགས་ཀྱང་ལྟ་བ་གླེང་བ།།
རྟེན་འབྲེལ་གཞུང་ལུགས་ལ་གོམས་པའི་མཐུ་འདྲ།།
ཉོན་མོངས་མ་གྲོལ་ཡང་གྲོལ་ལུགས་ཤེས་པ།།
དྲིན་ཅན་བླ་མ་ཡི་བཀའ་དྲིན་ལོས་ཡིན།།
 
དོན་ཀུན་གྲུབ་པ་ཁོང་བཀའ་དྲིན་ཆེ་འོ།།
བརྒྱུད་ལྡན་བླ་མ་རྣམས་བཀའ་དྲིན་ཆེ་འོ།།
ཇོ་ཇོ་རྟེན་འབྱུང་ཡང་བཀའ་དྲིན་ཆེ་འོ།།
དད་བརྩོན་ཤེས་རབ་ཀྱང་བཀའ་དྲིན་ཆེ་འོ།།
         སྤྱི་ལོ་༢༠༡༡ལོའི་ཟླ་༡༡ཚེས་༡༣ཉིན།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།