སྒྱུ་མའི་གར།
འབྱོར་བའི་དུས་སུ་མདུན་ནས་འཛུམ་གྱིས་བསུ།།
རྒུད་པའི་དུས་སུ་རྒྱང་ནས་ཁོང་འཛུམ་གནང་།།
དར་རྒུད་བར་ནས་འཁྲབ་པའི་འདྲེ་ཡི་འཕྲུལ།།
བདག་ལ་མི་མཁོ་གད་སྙིགས་ནང་དུ་འཕེན།།
ཁ་སང་བརྩེ་བའི་འདུན་མ་གཅིག་ཏུ་བཅོལ།།
དེ་རིང་ཁྲོས་བའི་སྒྱོགས་རྡོ་ཆར་བཞིན་འཕངས།།
སང་ཉིན་ཅི་བྱ་སྔོན་གྱི་ལས་སུ་རེ།།
མིག་འདི་མ་བཙུམ་བར་དུ་རིག་རྒྱུ་མང།།
གཡོག་གི་དུས་སུ་དཔོན་གྱི་ཞབས་མཐིལ་ལྡག།
དཔོན་གྱི་དུས་སུ་གཡོག་གི་མགོ་རུ་ཞོན།།
རང་གཤིས་གཅིག་ཏུ་མ་ངེས་རྩྭ་སྐྱའི་ཟླ།།
དུས་རབས་འདི་ལ་ཇེ་མང་ཇེ་མང་རེད།།
ཁ་སང་ཨ་ལགས་རྫུན་མས་དཀར་ཐིག་བསླངས།།
དེ་རིང་ནོར་ལུག་ཆ་བོ་རྐུན་མས་ཁྱེར།།
སང་ཉིན་ཁྲལ་དོན་ཅུའུ་ལ་དོམ་ཞིག་ཆད།།
ཉམ་ཆུང་འབངས་མིའི་ཁ་འདི་ཅི་ལྟར་གསོ།།
རྩོམ་ཁུངས། ངེད་དྲ་བ།