གསེར་གྱི་སྒྲོན་མེ་ཕེབས་པའི་རྗེས་དྲན།

དབུ་རུ་དོན་འདུར་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-21


ཙོང་ཁའི་ཡུལ་ནས་ཕེབས་པའི་གསེར་གྱི་སྒྲོན་མེ་ཞིག།།
དགའ་ལྡན་གླིང་ནས་འཚེར་བའི་འོད་ཀྱི་ཉི་མ་ཞིག།།
རིག་པའི་ནོར་གྱི་ཕྱུག་པའི་མི་ཡི་བླ་མ་ཞིག།།
འོག་མིན་སངས་རྒྱས་ཞིང་ལ་ཕེབས་པའི་ཚེས་འདི་སྐྱོ་ཨང་།།
 
ཁྱེད་ཀྱིས་རིག་པའི་རྒྱ་མཚོར་བརྩོན་པའི་སྐྱ་བས་སྐུལ་ཏེ།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསལ་ལེར་སེམས་ལ་བཅུག་ཏེ།།
ཆོས་ཉིད་རྟེན་འབྲེལ་བསྟོད་པའི་དགོངས་པ་ཐུགས་ལ་འཁྲུངས་ཏེ།།
འཆད་ཉན་རྒྱུན་གྱིས་སྤེལ་བའི་ཞྭ་སེར་བསྟན་པའི་སྲོལ་ཕྱེས།།
 
ཚེ་གཅིག་ཆོས་ལ་བཏང་བས་མ་ཡང་མཇལ་སྐལ་མ་བྱུང་།།
དམིགས་མེད་འགྲོ་བ་བརྩེ་བས་ཉེ་རྒྱང་ཕྱོགས་རེས་བྲལ་སོང་།།
རྣམ་དག་ཆོས་ལ་འབད་པས་གནས་ལུགས་ཕུག་གིས་བརྟོལ་སོང་།།
ལུང་རིག་བདེན་པས་དག་པའི་ཆོས་ཀྱི་པོ་ཏི་བརྩམས་སོང་།།
 
སྐྲ་བཅད་གོས་བརྗེས་ཙམ་གྱིས་ལམ་སྣེ་ཟིན་པར་མ་བརྩིས།།
གནས་ལུགས་དོན་གྱིས་རྟོགས་པའི་སློབ་གཉེར་ལམ་བུ་གཏོད་དེ།།
མཁས་བརྒྱ་འགྲན་པའི་སྟོབས་ཀྱིས་གོང་དུ་བུད་མི་བྱུང་ན།།
དགའ་ལྡན་གསེར་གྱི་ཁྲི་ལ་བདག་པོ་མེད་པར་གསུངས་འདུག།།
 
ཁྱེད་ཀྱི་བདེན་པས་བརྩད་པའི་ཆོས་ཀྱི་ཕུང་པོ་རེ་ལ།།
ང་ཚོས་མགོ་བོ་གཏུགས་ཏེ་བྱིན་རླབས་ཐོབ་རེ་བྱས་ཀྱང་།།
འཆད་ཉན་སྦྱངས་བརྩོན་བཟང་པོའི་ལུགས་བཟང་ཉམས་ཆག་སོང་བས།།
གནད་ལུགས་སྟོང་གི་རྩ་བ་ཤེས་མཁན་ཤིན་ཏུ་དཀོན་ནོ།།
 
རླབས་ཆེན་མེས་པོ་ཁྱེད་ཀྱིས་དྲི་མེད་མཁྱེན་པའི་སྟོབས་ཀྱིས།།
རིང་ལུགས་སྤུས་ཀ་དག་པའི་དགེ་ལུགས་སྒྲུབ་མཐའ་གཏོད་ཀྱང་།།
ང་ཚོས་དད་པའི་ཞེན་གྱིས་ཁྱེད་ལ་ཕྱོགས་པ་ཙམ་ལས།།
དོན་སྙིང་རྡོ་ཁ་འདྲིལ་བའི་གསུངས་རྩོམ་གཏིང་ནི་མ་རྟོགས།།
 
འོན་ཀྱང་དེ་རིང་ཉིན་མོ་གསེར་སྒྲོན་མེ་ཡལ་བའི།།
གདུང་ཤུགས་སྙིང་གི་དཀྱིལ་ནས་ལན་མང་འབོད་པ་བཏང་སྟེ།།
ཡབ་རྗེ་བློ་བཟང་གྲགས་པའི་ཞལ་རས་ཡིད་ལ་སྒོམ་ནས།།
དབུས་པ་རིག་རྟུལ་ཞིག་གིས་སྨོན་ལམ་སེམས་ནས་བཏབ་ཡོད།།
                  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་གྱི་སྒྲོན་མེ་ཕེབས་པའི་རྗེས་དྲན།

2011-12-21 དབུ་རུ་དོན་འདུར་པ། ཀློག་གྲངས། མཆན ཡོད།


ཙོང་ཁའི་ཡུལ་ནས་ཕེབས་པའི་གསེར་གྱི་སྒྲོན་མེ་ཞིག།།
དགའ་ལྡན་གླིང་ནས་འཚེར་བའི་འོད་ཀྱི་ཉི་མ་ཞིག།།
རིག་པའི་ནོར་གྱི་ཕྱུག་པའི་མི་ཡི་བླ་མ་ཞིག།།
འོག་མིན་སངས་རྒྱས་ཞིང་ལ་ཕེབས་པའི་ཚེས་འདི་སྐྱོ་ཨང་།།
 
ཁྱེད་ཀྱིས་རིག་པའི་རྒྱ་མཚོར་བརྩོན་པའི་སྐྱ་བས་སྐུལ་ཏེ།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསལ་ལེར་སེམས་ལ་བཅུག་ཏེ།།
ཆོས་ཉིད་རྟེན་འབྲེལ་བསྟོད་པའི་དགོངས་པ་ཐུགས་ལ་འཁྲུངས་ཏེ།།
འཆད་ཉན་རྒྱུན་གྱིས་སྤེལ་བའི་ཞྭ་སེར་བསྟན་པའི་སྲོལ་ཕྱེས།།
 
ཚེ་གཅིག་ཆོས་ལ་བཏང་བས་མ་ཡང་མཇལ་སྐལ་མ་བྱུང་།།
དམིགས་མེད་འགྲོ་བ་བརྩེ་བས་ཉེ་རྒྱང་ཕྱོགས་རེས་བྲལ་སོང་།།
རྣམ་དག་ཆོས་ལ་འབད་པས་གནས་ལུགས་ཕུག་གིས་བརྟོལ་སོང་།།
ལུང་རིག་བདེན་པས་དག་པའི་ཆོས་ཀྱི་པོ་ཏི་བརྩམས་སོང་།།
 
སྐྲ་བཅད་གོས་བརྗེས་ཙམ་གྱིས་ལམ་སྣེ་ཟིན་པར་མ་བརྩིས།།
གནས་ལུགས་དོན་གྱིས་རྟོགས་པའི་སློབ་གཉེར་ལམ་བུ་གཏོད་དེ།།
མཁས་བརྒྱ་འགྲན་པའི་སྟོབས་ཀྱིས་གོང་དུ་བུད་མི་བྱུང་ན།།
དགའ་ལྡན་གསེར་གྱི་ཁྲི་ལ་བདག་པོ་མེད་པར་གསུངས་འདུག།།
 
ཁྱེད་ཀྱི་བདེན་པས་བརྩད་པའི་ཆོས་ཀྱི་ཕུང་པོ་རེ་ལ།།
ང་ཚོས་མགོ་བོ་གཏུགས་ཏེ་བྱིན་རླབས་ཐོབ་རེ་བྱས་ཀྱང་།།
འཆད་ཉན་སྦྱངས་བརྩོན་བཟང་པོའི་ལུགས་བཟང་ཉམས་ཆག་སོང་བས།།
གནད་ལུགས་སྟོང་གི་རྩ་བ་ཤེས་མཁན་ཤིན་ཏུ་དཀོན་ནོ།།
 
རླབས་ཆེན་མེས་པོ་ཁྱེད་ཀྱིས་དྲི་མེད་མཁྱེན་པའི་སྟོབས་ཀྱིས།།
རིང་ལུགས་སྤུས་ཀ་དག་པའི་དགེ་ལུགས་སྒྲུབ་མཐའ་གཏོད་ཀྱང་།།
ང་ཚོས་དད་པའི་ཞེན་གྱིས་ཁྱེད་ལ་ཕྱོགས་པ་ཙམ་ལས།།
དོན་སྙིང་རྡོ་ཁ་འདྲིལ་བའི་གསུངས་རྩོམ་གཏིང་ནི་མ་རྟོགས།།
 
འོན་ཀྱང་དེ་རིང་ཉིན་མོ་གསེར་སྒྲོན་མེ་ཡལ་བའི།།
གདུང་ཤུགས་སྙིང་གི་དཀྱིལ་ནས་ལན་མང་འབོད་པ་བཏང་སྟེ།།
ཡབ་རྗེ་བློ་བཟང་གྲགས་པའི་ཞལ་རས་ཡིད་ལ་སྒོམ་ནས།།
དབུས་པ་རིག་རྟུལ་ཞིག་གིས་སྨོན་ལམ་སེམས་ནས་བཏབ་ཡོད།།
                  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།