མགུར་གཞས་ཐོར་བུ།
--ཁག་དང་བོ།
ཉི་མའི་ཀེང་རུས་འཁྱག་པོ།།
ནམ་མཁའི་ངོ་ལ་འབྱར་བས།།
རི་བོའི་རྣ་ཅོག་རིང་མོ།།
གཙང་བོའི་ནང་ལ་ཡོམ་སོང་།།
མགྲིན་པ་ཡོན་པོར་ཁྱོགས་ཏེ།།
སྤྲིན་པའི་རྒྱབ་ཏུ་བལྟས་ན།།
འོད་ཀྱི་ཁ་ཚུར་སྣུམ་པོ།།
སེམས་ཀྱི་ཁུགས་པར་ལྷུང་འགྲོ།།
མུན་པའི་བླ་གོས་ནག་པོ།།
སེམས་ཀྱི་ནང་ལ་བཞག་པས།།
གངས་ཆབ་ཞུན་མའི་རེག་བྱ།།
བསིལ་དང་མ་བསིལ་མི་འདུག།།
དབུས་ལམ་རིང་མོ་ཞིག་ལ།།
དད་པའི་དམིགས་རྩེ་སྒོམ་སྟེ།།
གོམ་ཆུང་རེ་རེ་བླངས་ན།།
ལྷ་སའི་གྲང་ངར་ཚོར་ཡོང་།།
དབུ་ནག་ཕྲེང་བཟུང་ཅན་ཚོས།།
ལས་ཀྱི་འུར་ལྕག་ཐོགས་ཏེ།།
རི་ཆེན་ཧི་མ་ལ་ཡར།།
བསྐོར་བ་ལན་གསུམ་བརྒྱབ་ཡོད།།
གསེར་ཏོག་སེར་བོའི་གཤམ་གྱི།།
དུང་ཕྲེང་སུམ་རྩེག་བར་ལ།།
མིག་ཆུའི་ཕྲེང་རྒྱུན་བཏབ་པ།།
གཟན་ལྕག་ཅིག་གི་ཚ་རེད།།
གཤོག་སྒྲ་རྣོ་བའི་རི་བྱེའུ།།
སྟོང་བའི་ལྡེབས་སུ་བབས་ནས།།
སྣང་སྟོང་སྒྱུ་འཕྲུལ་གླེང་བས།།
བཞད་གད་འཁྲུངས་ས་མ་རེད།།
མེ་ཏོག་མང་བོ་བརྩེགས་ནས།།
སེམས་ཀྱི་རུ་མ་བཏོགས་པས།།
མིག་ན་ཆུ་ཞིག་འཁྱིལ་བ།།
ཚོར་བའི་ནང་ནས་འགྲིབ་སོང་།།
རྩོམ་ཁུངས། ངེད་དྲ་བ།