འདུ་བྲལ་ལས་ཀྱི་འཁོར་ལོ།

བདའ་ཚང་སྙེམས་གྲོལ།༼མཚོ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-20


ལྷུན་སྟུག་གངས་ཀྱི་མེ་ཏོག་གིས།།
ཁོར་ཡུག་ཀུན་ནས་ལྷམ་པའི་ལྗོངས།།
བསིལ་ལྡན་ས་ལའི་ཞིང་ཁམས་ཀྱི།།
སྙན་པ་སྲིད་ཞིའི་རྒྱན་དུ་འབྱམས།།
མཐའ་བྲལ་ཆུ་གཏེར་སྔོན་པོའི་གོས།།
ནོར་འཛིན་མཁུར་དུ་བཟུང་བ་ཡིས།།
སྔོ་བསངས་ས་ལ་ལྷུང་ངམ་ཞེས།།
དཔྱང་ཐག་དྲ་བས་སུ་མ་བཅིངས།།
གངས་ཆབ་ཞུན་མའི་རྡུལ་ཚོགས་ཀྱིས།།
སྣོད་བཅུད་བུ་མོའི་བཞིན་རས་ལ།།
བསིལ་བའི་རེག་བྱ་འབུམ་གཏོར་མཁན།།
རྨ་ཀླུང་ལྷ་ཆབ་དལ་གྱིས་འབབ།།
ཡུལ་ལྗོངས་གསར་བའི་ཚོན་རིས་ཀྱིས།།
རབ་བྱུགས་མང་རའི་གསེར་ལྡན་མ།།
མིག་གི་ལང་ཚོར་ཐོབ་པའི་ཚེ།།
སུམ་རྩེན་གྲོང་ལ་སྲེད་པ་ལྷོད།།
བརྗིད་ཆགས་ས་འཛིན་སྟུག་པོའི་རི།།
ཨ་སྔོན་མཐོངས་སུ་བསྙེགས་པ་ཡིས།།
གཤོག་རྩལ་དར་བའི་མཁའ་ལྡིང་ཁྱུ།།
མཆིལ་བའི་གོ་འཕང་ལས་ཀྱང་དམན།།
སྤུ་སྡུག་རྨ་བྱའི་མཐོན་མཐིང་མགྲིན།།
མོག་པོར་བགྱིད་པའི་ནེའུ་གསིང་ལ།།
དཀར་དམར་ཚོན་གྱི་འཛུམ་ལྕི་བའི།།
མེ་ཏོག་སྣ་མང་ལྷག་ལྷག་དགོད།།
ཨནྡ་སྙིལ་ལྟར་རབ་སྔོ་བའི།།
མཚོ་དང་མཚེའུའི་ལྟེང་ཀ་འབུམ།།
ཁོ་ར་ཁོར་ཡུག་མཛེས་པའི་གཞིར།།
ཐོལ་གྱིས་འཁྱིལ་བའི་དཔལ་ཡང་རྨད།།
མྱུ་གུ་གསར་བའི་གཙུག་ཏོར་གྱིས།།
རོ་ལྡན་འབྲས་བུའི་ནུ་ཁུར་འབུམ།།
མ་ཐེག་ས་ལ་དུད་པ་ཡི།།
ཁོད་སྙོམས་ཞིང་སའི་མཐའ་མི་དཔོག།།
རྫ་ཆབ་དར་དཀར་ལང་ཚོའི་རྒྱུན།།
རི་བོའི་ཟོམ་དུ་འབབ་པ་ཡི།།
ལྷུང་ལྷུང་དབྱངས་ཀྱི་བུང་བའི་ཚོགས།།
རྣ་དབང་ཨུཏྤལ་ཚལ་དུ་འགྱུ།།
གཡུ་མདོག་མ་རྙིངས་ནགས་ཀྱི་ཚལ།།
དཔག་ཚད་ཁྱོན་དུ་འཁྲིགས་པ་ཡི།།
བསིལ་འཇམ་གོས་ཀྱི་འདབ་མ་ནི།།
ཞག་ལྡན་བུ་མོའི་གདོང་ལ་འཕྱང་།།
ཟ་བྱེད་གཤིན་རྗེ་དོང་ནང་ལ།།
བྱུ་རུའི་ཁྲག་དྲོན་འཁྱིལ་བ་ཡི།།
གཅན་གཟན་སྲིན་པོའི་མཆེ་བ་ཅན།།
དམར་ཆུང་སྲོག་གི་ཆོམ་པོར་རྒྱུ།།
ཁུ་བྱུག་འཇོལ་མོའི་ངག་སྒོ་ལས།།
དྲི་ཟའི་རྒྱུད་མངས་སྦྲེངས་འདྲའི་གླུ།།
རྒྱུན་པར་ཟེགས་པའི་འགྱུར་ཁུགས་ཀྱིས།།
ཚངས་སྲས་མགྲིན་པར་ངལ་གསོ་བྱིན།།
ཤིང་འབྲས་བིམྤའི་མཁུར་མདངས་ཅན།།
གཡུར་དུ་ཟ་བའི་དོ་ཤལ་གྱིས།།
ལྗོན་པའི་མགོ་ལྕོག་ས་ཡི་གཞིར།།
ངལ་བའི་ཟོལ་གྱིས་དུད་པ་འཛིན།།
ལེགས་བྱས་ཟླ་གཞོན་གསར་བའི་དཔལ།།
མ་ཉམས་བཞད་པའི་འོད་སྣང་གིས།།
ཆོས་སྡེ་གསེར་གྱི་ཀུ་མུད་ཚོགས།།
ཕྱོགས་དང་ཕྱོགས་ན་དཔྱིད་དུ་ལྷམ།།
ལུང་དང་རིགས་པའི་སྒྲ་དབྱངས་ནི།།
དབྱར་སྐྱེས་རྔ་ཡིས་མི་མཚོན་པས།།
ཡིད་སྲུབས་བདག་པོའི་སྙིང་གི་རྩེར།།
མྱ་ངན་ལག་པ་གར་དུ་རྩེན།།
དམར་སེར་གོས་ཀྱི་ཁ་དོག་གིས།།
ལུས་ལ་འཁྱུད་པའི་ཚུལ་གནས་པས།།
སྔོ་བསངས་བུ་མོའི་རྒྱུ་སྐར་གྱི།།
ཚར་དུ་དངར་བའི་གྲངས་ལ་འཕྱ།།
རྣམ་དཀར་བྱ་བའི་དཀྱིལ་འཁོར་ཅན།།
དུད་ཁྱིམ་འབྲས་དཀར་སྤུངས་འདྲའི་ཚོགས།།
སྟོབས་འབྱོར་དཔལ་གྱིས་འཁྱུད་པ་ལ།།
འགྲམ་ཆུ་མི་དཀུ་རང་དབང་ཅི།།
བཙན་པོའི་རུས་བཅུད་གཙང་མའི་རྒྱུན།།
མ་ཉམས་སྨུག་པོ་གདུང་གི་རྒྱུད།།
ཐང་སྨུག་སྦྲ་ཡི་ཚོམ་བུ་ཅན།།
འབྲོག་པའི་སྡེ་འདི་སུ་ཡིས་བསྐྲུན།།
དེ་ན་རྟ་ནོར་ཕོན་པོའི་ཁྱུ།།
ཐང་མར་བརྡལ་བའི་ངང་ཚུལ་གྱིས།།
བྱིན་ཆགས་དབྱིག་གི་བློ་གྲོས་མ།།
ཆུ་མཚོའི་ཁྲོད་དུ་ནུབ་ལ་དོགས།།
ལུས་བོངས་ཁོ་ལག་བརྗིད་པའི་བུ།།
གནོད་སྦྱིན་ཁྲོས་འདྲའི་སྟག་ཤར་ནི།།
རང་སྡེ་འོ་མའི་མཚོ་ཆུང་གི།།
དགྲ་བོ་ཆམ་དུ་ཕབ་པའི་གཉེན།།
ཟླ་གདོང་ཨུཏྤལ་འཛུམ་པའི་མིག།།
ནུ་འབུར་རྒྱས་པའི་དོག་པ་ཅན།།
གཤིས་འཇམ་ན་ཆུང་བུ་མོའི་ཚོགས།།
སྙིང་གི་དཔྱིད་དུ་ཅི་ཡང་ཐོགས།།
ཡུལ་འདིའི་དཔལ་དང་འབྱོར་བའི་ཁུར།།
རྒྱ་མཚོ་བཞི་ཡི་སྐ་རགས་ཅན།།
གསེར་ལྡན་རལ་བས་མ་ཐེག་པས།།
ཕག་རྒོད་མཆེ་བས་ངལ་བ་བརྟེན།།
མཁུར་མདངས་དམར་ཞིང་མཆུ་སྒྲོས་སྣུམ།།
ནུ་འབུར་རྒྱས་ཤིང་གོམས་འགྲོས་གཉོམ།།
ཟུར་མིག་བུང་བའི་ཟློས་གར་གྱིས།།
སྲེད་ལྡན་མིག་གི་དབང་བོ་འཆིང་།།
བཞིན་རས་ཟླ་བའི་མདངས་ལ་འཁུ།།
བློ་མཛངས་ཨ་ནུའི་དཔལ་ལ་བསྡེབས།།
བོད་ཀྱི་རུས་སུ་སྐྱེས་པའི་བུ།།
ལེགས་བྲིས་བུ་རུ་འཕྱོང་མོ་ཉུག།།
དེ་འདྲའི་ན་ཆུང་ཕོ་མོ་ཟུང་།།
ཕན་ཚུན་རིང་ནས་མཛའ་བའི་སེམས།།
རྰ་མ་ན་དང་སྰི་ཏ་ཡི།།
གཏམ་གྱིས་ཕྲེང་བས་མཚོན་ནུས་མིན།།
སྐད་ཅིག་བྲལ་བའི་གདུང་བ་ཡང།།
སྙིང་ཆུང་སྲེག་པའི་མེར་འགྱུར་ན།།
ཡུན་རིང་གྱེས་པའི་མྱ་ངན་གྱིས།།
ལུས་སེམས་སོ་སོར་བཞུད་ལ་དོགས།།
གསང་གཏམ་མུ་ཏིག་སིལ་མའི་ཕྲེང་།།
རྣ་བའི་དཔྱིད་དུ་རབ་སྨིན་ཅིང་།།
དམ་བཅའ་མི་ཤིགས་གཡུང་དྲུང་རིས།།
སེམས་ཀྱི་རྡོ་རུ་ལྷུན་གྱིས་གྲུབ།།
བརྩེ་སེམས་འོ་མའི་ཆུ་མཚོ་ཡི།།
རླབས་ཕྲེང་གཡོ་བའི་གཏམ་གྱིི་རྒྱུད།།
མི་རྣམས་བཟློས་བརྗོད་ལས་ཀྱིས་ནི།།
རོ་འཛིན་བུ་མོ་ཤིན་ཏུ་ངལ།།
ནམ་ཞིག་ལས་བཤོལ་དབེན་པ་ཡི།།
རླབས་ཆེན་དོན་གྱི་ཁུར་མང་པོ།།
བཟློག་པ་མེད་པར་གཞོན་ནུ་དེའི།།
ཕྲག་གོང་ལྕི་བའི་དགའ་མར་བབས།།
སྙིང་སྡུག་སྙིང་གི་མཛའ་ན་མོར།།
འབྲལ་བའི་ལས་དེ་སྐན་ན་ཡང་།།
དགོས་དོན་དྲི་བཞོན་ལག་པ་ཡིས།།
སེམས་ཀྱི་འཁྲི་ཤིང་ཅི་ཡང་བསྐུལ།།
མཆི་མའི་དོག་པ་འབུམ་ཕྲག་གིས།།
མཁུར་ཚོས་ཡོངས་སུ་བརླན་པའི་ཚེ།།
སེམས་མེད་རི་དང་མཚོ་ལ་ཡང་།།
དུ་ཁའི་ཚོར་བ་ཆར་དུ་བསྙིལ།།
མི་འདོད་གཏམ་གྱི་ཚེར་མ་ཡིས།།
དགའ་མའི་སྒྲ་འཛིན་གཙེས་པ་ན།།
འདྲེན་བྱེད་གཡོ་བའི་བུང་བ་ལས།།
མིག་ཆུའི་ཕྲེང་བ་ཕྱོགས་སུ་འཕུར།།
ད་ནི་ལག་སོར་མེ་ཏོག་ནི།།
བྲང་གི་མཚོ་ལ་མངོན་འཛུམ་ནས།།
རོ་འཛིན་བུ་མོའི་ཟློས་གར་གྱིས།།
སྨོན་ཚིག་མཐའ་དག་དབྱངས་སུ་སྨྲས།།
མཛའ་གཅུགས་གསེར་གྱི་འཁྲི་ཤིང་ནི།།
དུས་ཀྱི་རླུང་གིས་འཇིག་མིན་པར།།
དམ་བཅའི་རི་མོ་རྡོ་ཡི་མདངས།།
སུ་ཞིག་འཕྲལ་དུ་གསུབ་པར་ནུས།།
འཕྲུལ་ཆས་མགྱོགས་མོའི་འགྲོས་གཅིག་གིས།།
བས་མཐའི་གྲོང་དུ་སྤྱུགས་པ་ཡིས།།
གཞོན་ནུ་དེ་ཡི་ཀུན་རྟོག་སེམས།།
སོམ་ཉིའི་དྲ་ལ་འཁྱོག་པོར་འཕྱང་།།
སྐབས་གསུམ་ལྟེ་བའི་གཞལ་མེད་ཁང་།།
ས་ལ་འཕོས་འདྲའི་ཁང་བརྩེགས་དག།།
མཐོན་མཐིང་མཁའ་ལ་བསྙེགས་པ་ཡིས།།
ཉི་ཟླའི་ཟུར་ཕུད་རྒྱན་དུ་འཛིན།།
ནུབ་གླིང་མཁས་པའི་བློ་རིག་གིས།།
བསྐྱེད་པའི་ཚོང་ཟོང་དངོས་པོའི་ཚོགས།།
ཐང་མར་བརྡལ་བ་སྒྱུ་མའི་གཟུགས།།
མིག་དབང་འཆིང་བའི་དཔྱིད་དུ་སྨིན།།
ངག་ཚིག་རི་མོ་མི་གཅིག་པའི།།
ཐ་དད་མི་རྣམས་འགྲོ་འོང་གིས།།
རང་རང་ཐུན་མིན་ཆ་ལུགས་ཀྱི།།
འབུར་དོད་ཁྱད་ཆོས་ངོམ་ལ་བྲེལ།།
ནུ་རྒྱས་ཆུ་ཤེལ་ཕོན་པོ་ཟུང་།།
བྲང་གི་དཔལ་དུ་རྒྱས་པ་ཡི།།
ན་ཆུང་རི་དྭགས་མིག་ཅན་ཚོགས།།
མིག་གིས་གཏོང་ལ་འདུན་པས་དབེན།།
ཕྱོགས་ཀྱི་དོན་མཐུན་རྐང་གཉིས་འགྲོ།།
མ་ལུས་གཅིག་ཏུ་འདྲེས་པའི་ཚེ།།
སོ་སོར་འབྱེད་པའི་བློ་གྲོས་ནི།།
འོད་གསལ་ལྷ་ཡི་ཚོགས་ལ་ལྡོང་།།
རྡོ་བས་གཅལ་བཀྲམ་ཁྲོམ་སྲང་ན།།
བྱ་ལྟར་རྒྱུ་བའི་འཕྲུལ་ཆས་ཚོགས།།
གྲོག་མའི་ཚང་མལ་བརྡོལ་འདྲ་བ།།
བགྲང་ལ་སོར་མོའི་འདུ་བྱེད་ངལ།།
སྣ་ཚོགས་སྒྱུ་མའི་འཛུམ་བག་གིས།།
བྲིས་པའི་གྲོང་ཁྱེར་མངོན་དགའ་བ།།
འདྲེན་བྱེད་མེ་ལོང་ལ་ཐོབ་ཀྱང་།།
དགའ་མ་དྲན་པའི་ཚོར་བས་གདུངས།།
ལོ་དང་ཟླ་བའི་འཁོར་ལོ་ནི།།
མགྱོགས་པའི་འགྲོས་ཀྱིས་རྩེན་པ་ཡིས།།
སེམས་ཀྱི་རི་ལ་མྱ་ངན་གྱི།།
གོས་དཀར་སྨུག་སྤྲིན་དལ་གྱིས་འཛིན།།
མཁའ་རུ་དལ་གྱིས་བགྲོད་པའི་སྤྲིན།།
བསིལ་བའི་རླུང་གིས་བསྐྱོད་པ་ལ།།
དྲན་གདུང་ཡུས་ཀྱིས་བརྣངས་པའི་ཚིག།།
འཕྲིན་དུ་སྤྲེངས་པའི་གྲངས་མ་དམིགས།།
རྩྭ་ལྗང་བེེེཻདྰུརྱ་ཡི་གོས།།
གོས་སུ་ཀླུབ་པའི་གསེར་ལྡན་མ།།
སྡུ་གུར་བཀྲ་བའི་ཕང་བ་ན།།
རོལ་རྙེད་མ་ཡང་སྐྱོ་ཞིང་མཆིས།།
བྱུ་རུའི་དམར་མདངས་ཉེར་འཕྲོག་པའི།།
མཁུར་ཚོས་དམར་པོའི་ངོས་ཡངས་སུ།།
བརླན་གཤེར་མཆི་མའི་དོག་པ་ནི།།
མུ་ཏིག་ཚོམ་བུ་འཐོར་བ་བཞིན།།
ཀུན་རྟོག་ཡིད་ཀྱི་ནམ་མཁའ་རུ།།
སྙིང་སྡུག་དགའ་མའི་མཛེས་པའི་བཞིན།།
དྲན་པའི་པིར་གྱིས་བྲིས་པ་ན།།
སེམས་ཀྱི་ལང་ཚོ་རལ་ལ་ཉེ།།
ངང་ངུར་བུང་བ་ཁུ་བྱུག་གིས།།
གཞས་དབྱངས་སྙན་མོར་སྒྲོག་པའི་གླུས།།
མཛའ་བོའི་སྙིང་གཏམ་མགུར་མའི་དབྱངས།།
དྲན་པར་བྱེད་ལ་བསྐུལ་བ་འདྲ།།
ནེའུ་གསིང་གཡུ་ཡི་གུར་ལྡིང་དུ།།
མགོ་ལྕོག་འགྱུ་བའི་ཆུ་སྐྱེས་དང་།།
བུང་བའི་རྩེད་འཇོ་མཐོང་བ་ན།།
གདུང་བའི་མེ་ལྕེ་དྲག་ཏུ་འཕྱོ།།
དྲན་པའི་ཆུ་རྒྱུན་རིང་མོ་ཡིས།།
ལུས་སེམས་ལྷན་དུ་དེད་པ་ཡིས།།
ནམ་ཞིག་ཕུང་བོའི་རྩེ་མོ་ནས།།
རྣམ་ཤེས་བུང་བ་རྒྱང་དུ་འཕུར།།
སྤུ་སྡུག་གཉིས་སྐྱེས་བྱ་ཡི་ཁྱུ།།
ངང་ཚུལ་དེ་ཡིས་རབ་གདུང་སྟེ།།
དབྱངས་བདུན་ག་བུར་བསིལ་བའི་གླུ།།
མགྲིན་པའི་ལམ་ནས་ཁེགས་པ་འཛིན།།
ཁ་དོག་སྣ་ལྔའི་བཞིན་རས་ཅན།།
ཚར་དུ་དངར་བའི་ཆུ་སྐྱེས་ཚོགས།།
མྱ་ངན་ཚོར་བ་ཁུར་ལྕི་སྟེ།།
བཀྲག་མདངས་ཉམས་པའི་ཟོལ་གྱིས་དུད།།
ཏིང་འཛིན་གཉིད་དུ་ཡུར་བ་ཡི།།
དྲང་སྲོང་རྒན་པོས་བསམ་གཏན་གྱི།།
བདེ་བ་དོར་ནས་སྡུག་བསྔལ་ལ།།
ལག་ལྡན་པད་མཚོར་བཞིན་དུ་འཇུག།
ཕྲ་རགས་སྣོད་བཅུད་རི་མོའི་གཟུགས།།
སྙིམ་པའི་མཐིལ་དུ་བླངས་འདྲ་བའི།།
ལྷུན་ཆགས་རི་ཡི་མུ་ཁྱུད་ཀྱིས།།
སྐྱོ་བའི་རྣམ་འགྱུར་བཞིན་ལ་འཛིན།
ཡིད་ལ་བརྣག་དཀའི་མཚོན་གདེངས་པའི།།
ཕོ་གཞོན་དེ་ནི་དྲན་གདུང་གིས།།
ལུས་ཀྱི་ཤ་རྣམས་ཡོངས་བྲི་སྟེ།།
ཀེང་རུས་ཁོ་ནའི་གཟུགས་ཀྱིས་འཚོ།།
སྙིང་སྡུག་དགའ་མའི་དྲན་པའི་ཁུར།།
སེམས་ཀྱི་རྩེ་ལ་རབ་ལྕི་བས།།
བྱང་ཕྱོགས་གངས་ཅན་རི་བོ་ལ།།
གོམས་ཁ་དཀྱུ་བའི་ཉེར་བསྡོགས་བརྩམས།།
དེ་ཚེ་རླུང་གི་འགྲོས་ལྡན་པའི།།
མཁའ་ཡི་གྲུ་ལ་ཉེར་བརྟེན་ནས།།
གངས་ལྗོངས་ནོར་འཛིན་བུ་མོའི་ལྟོར།།
རིང་བོར་མ་ཐོགས་བདེ་བར་སོན།།
ཉི་ཟླའི་རྣ་ཆ་དཔྱངས་པ་ཡི་།།
གངས་ཀྱི་ས་འཛིན་ལྷུན་ཆགས་པ།།
མཐོང་བའི་མོད་ལ་ཡིད་ཀྱི་རྩེར།།
དགའ་བདེ་འབུམ་གྱིས་རབ་ཏུ་འཁྱུད།།
དཀར་སེར་སྔོན་པོའི་འཛུམ་རིས་ཀྱིས།།
མཁུར་དུ་ལང་ཚོའི་མདངས་བྱིན་པའི།།
ཚར་དུ་དངར་བའི་ཆུ་སྐྱེས་ཀྱིས།།
མིག་ལ་མཛེས་པའི་དཔལ་ཡོན་སྦྱིན།།
རྫ་ཆབ་ག་བུར་བསིལ་མོ་ཡི།།
ལྷུང་ལྷུང་དབྱངས་ཀྱི་རྒྱུད་མང་གིས།།
གསེར་ལྡན་བཞིན་རས་འཁྲུད་པ་ལ།།
ཟུར་མིག་བུང་བའི་གཤོག་སྒྲ་འགྱུ།།
འབྲོང་གཡག་རྒོད་པོའི་རྭ་རྩེ་ནི།།
ཨ་སྔོན་མཐོངས་སུ་གདེངས་པ་ཡིས།།
རྒྱུ་སྐར་ལྷན་དུ་འཁོད་པའི་ཕྲེང་།།
ཅང་མེད་སྟོང་བའི་དབྱིངས་སུ་བྲོས།།
སྤྲིན་གྱི་ཚོམ་བུ་ས་ཡི་གཞིར།།
ཕོན་པོར་བརྡལ་འདྲའི་བལ་ལྡན་ཁྱུ།།
མིག་གིས་འཚོ་བའི་ན་ཆུང་མའི།།
རྫི་གཞས་དྭངས་མོ་རྣ་ལ་ཞིམ།།
ཕ་ས་གངས་དཀར་རི་བོའི་ལྗོངས།།
འདྲེན་བྱེད་དཔལ་དུ་ཉེར་ཐོབ་པས།།
ཀུན་རྟོག་སེམས་ཀྱི་ནམ་མཁའ་རུ།།
སྐྱོ་སྣང་སྤྲིན་གྱི་རེག་བྱས་སྟོང་།།
འོན་ཀྱང་དགའ་གྲོགས་འདས་པའི་གཏམ།།
དགའ་སྣང་འཕྲོག་པའི་ཆོམ་པོ་བཞིན།།
ཐོས་འཛིན་རྩེ་རུ་སོན་པ་ན།།
སྙིང་ཁོང་སྡུག་གི་ཕྲེང་བས་མནན།།
རྣ་ལ་གཟན་པ་ངུད་མོའི་སྐད།།
མགྲིན་པའི་རྒྱུད་ལས་ཤོར་བ་ན།།
རི་དང་ཆུ་བོའི་ཚོགས་དག་གིས།།
དུ་ཁའི་ཕོན་པོ་སྙིང་ལ་འཛིན།།
མྱ་ངན་དུག་གི་བཤུལ་ལམ་ལ།།
ཉིན་མཚན་ཕྲེང་བར་བརྒལ་བ་ཡིས།།
ཡིད་འོང་ལང་ཚོའི་རང་མདངས་ནི།།
མི་སྡུག་རྒ་བའི་ཁུར་གྱིས་འཁྱུད།།
ནམ་ཞིག་སྲིད་པའི་སྙིང་བོ་ནི།།
རླུང་ཁར་འཕྱན་པའི་སྒྲོན་མེ་དང་།།
ཤིང་བལ་བཞིན་དུ་ཉེར་མཐོང་ནས།།
ངེས་འབྱུང་སྣང་བ་ཅི་ཡང་འཁྲུག།།
ད་ནི་ངུར་སྨུག་བླ་གོས་ཀྱིས།།
ལུས་ཀྱི་འཁྲི་ཤིང་རབ་བརྒྱན་ཏེ།།
ཚངས་སྤྱོད་ཁྲིམས་ཀྱི་ཞགས་པ་ཡིས།།
སྒོ་གསུམ་བུ་མོ་དམ་དུ་བཅིངས།།
ལེགས་བཤད་སྨྲ་བའི་རོ་འཛིན་ཅན།།
གཤེས་གཉེན་ལྷ་ཡི་དབང་བོ་དག།།
བསམ་སྦྱོར་དག་པའི་བསྙེན་བཀུར་གྱིས།།
སྤྱི་གཙུག་རལ་བའི་རྩེ་ལ་མཆོད།།
བཅུ་ཕྲག་རིག་པའི་ཐང་ཆེན་དུ།།
གུས་རྟག་ཅང་ཤེས་བཟང་བོ་ཡི།།
རྩེད་འཇོའི་བང་ཁ་མ་ལྷོད་པར།།
ཤེས་བྱའི་མེ་ཏོག་ཅི་ཡང་བཏུས།།
ལུང་རིགས་སྨྲ་བའི་གྲྭར་ཞུགས་ཏེ།།
རྩོད་པའི་ལྕེ་ཞགས་འཁྱུག་པ་ན།།
རྒོལ་ངན་དྲེགས་པའི་རི་མོ་ནི།།
མཁའ་ཡི་རེག་བྱའི་ཚུལ་ལ་རྟོག།།
གཙུག་ལག་ནོར་གྱི་བློ་གྲོས་མ།།
རྣམ་དཔྱོད་གོམ་པ་གཅིག་གིས་ཀྱང་།།
གཞལ་བར་ནུས་པས་དཔལ་བདག་གི།།
འཇུག་པ་ལྔ་བའི་ཁེངས་པ་འཕྲོགས།།
གཡས་འཁྱིལ་མགྲིན་པའི་ཆ་རེར་ཡང་།།
ལེགས་བཤད་དོག་པ་འབུམ་ཆགས་པས།།
སྐལ་བཟང་བུང་བའི་ཁྱུ་ཚོགས་ཀྱིས།།
སྲེད་པའི་གདུང་བ་སྙིང་ལ་འཛིན།།
མང་ཐོས་ནམ་མཁའི་ཐུ་གཤམ་དུ།།
མ་ཆུད་མཁས་བྱའི་དངོས་པོ་དེ།།
འཇིག་རྟེན་མེས་པོའི་སྤྱན་མང་གིས།།
ཕྱོགས་མཐར་བཙལ་ཡང་དམིགས་སུ་མེད།།
འཆད་རྩོད་རྩོམ་པའི་འོད་སྣང་གིས།།
བློ་གསལ་མྱུ་གུ་བསྐྱེད་བསྲིངས་པའི།།
གྲགས་སྙན་གསེར་གྱི་ངང་མོ་ནི།།
ཕྱོགས་བྲལ་མཚོ་ཡི་ངོགས་ན་རྒྱུ།།
མཁྱེན་རབ་གསེར་གྱི་དབྱིག་འཛིན་ལ།།
ལུང་རྟོགས་ཡོན་ཏན་ཁུར་ལྕི་བས།།
མཁས་མང་རལ་བའི་མེ་ཏོག་གིས།།
ཞབས་རྡུལ་སྤྱི་བོར་ལེན་ལ་བྲེལ།།
མཁས་བཙུན་བཟང་བོའི་ཟློས་གར་ལ།།
བསྔགས་པའི་དབྱངས་ཀྱི་ཕྲེང་བ་ཡིས།།
རྐང་གཉིས་དག་གི་སྨྲ་ལྕེ་ནི།།
ནམ་ཞིག་ཡོངས་སུ་བྱེར་ལ་དོགས།།
ལེགས་གསུང་སྦྲང་ཆར་བསིལ་མོའི་རྒྱུན།།
གདུལ་བྱའི་འཛིན་མར་སིམ་པ་ཡིས།།
མགྲིན་བཅུ་གདུང་བའི་མྱ་ངན་གྱིས།།
དབུགས་དབྱུང་བྲལ་བའི་ངང་ཚུལ་བརྟེན།།
དེ་ལྟར་བརྗོད་བྱའི་ཉལ་འགྲོ་ལ།།
རྗོད་བྱེད་རླབས་ཕྲེང་འབུམ་གཡོ་བའི།།
ངག་རིག་དབྱངས་ཅན་རིག་པའི་ཆབ།།
བདག་བློ་གངས་ཀྱི་ཁྲོད་ལས་ཐོན།།
འདིར་འབད་དགེ་བས་རིག་བྱེད་ཀྱི།།
ཟླ་བའི་དཀྱིལ་འཁོར་མ་འཐོར་བར།།
ཚིག་རྒྱན་གསར་བའི་འོད་སྣང་གིས།།
མཐའ་དག་འཇིག་རྟེན་གསལ་གྱུར་ཅིག།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདུ་བྲལ་ལས་ཀྱི་འཁོར་ལོ།

2011-12-20 བདའ་ཚང་སྙེམས་གྲོལ།༼མཚོ་ལྷོ༽ ཀློག་གྲངས། མཆན ཡོད།


ལྷུན་སྟུག་གངས་ཀྱི་མེ་ཏོག་གིས།།
ཁོར་ཡུག་ཀུན་ནས་ལྷམ་པའི་ལྗོངས།།
བསིལ་ལྡན་ས་ལའི་ཞིང་ཁམས་ཀྱི།།
སྙན་པ་སྲིད་ཞིའི་རྒྱན་དུ་འབྱམས།།
མཐའ་བྲལ་ཆུ་གཏེར་སྔོན་པོའི་གོས།།
ནོར་འཛིན་མཁུར་དུ་བཟུང་བ་ཡིས།།
སྔོ་བསངས་ས་ལ་ལྷུང་ངམ་ཞེས།།
དཔྱང་ཐག་དྲ་བས་སུ་མ་བཅིངས།།
གངས་ཆབ་ཞུན་མའི་རྡུལ་ཚོགས་ཀྱིས།།
སྣོད་བཅུད་བུ་མོའི་བཞིན་རས་ལ།།
བསིལ་བའི་རེག་བྱ་འབུམ་གཏོར་མཁན།།
རྨ་ཀླུང་ལྷ་ཆབ་དལ་གྱིས་འབབ།།
ཡུལ་ལྗོངས་གསར་བའི་ཚོན་རིས་ཀྱིས།།
རབ་བྱུགས་མང་རའི་གསེར་ལྡན་མ།།
མིག་གི་ལང་ཚོར་ཐོབ་པའི་ཚེ།།
སུམ་རྩེན་གྲོང་ལ་སྲེད་པ་ལྷོད།།
བརྗིད་ཆགས་ས་འཛིན་སྟུག་པོའི་རི།།
ཨ་སྔོན་མཐོངས་སུ་བསྙེགས་པ་ཡིས།།
གཤོག་རྩལ་དར་བའི་མཁའ་ལྡིང་ཁྱུ།།
མཆིལ་བའི་གོ་འཕང་ལས་ཀྱང་དམན།།
སྤུ་སྡུག་རྨ་བྱའི་མཐོན་མཐིང་མགྲིན།།
མོག་པོར་བགྱིད་པའི་ནེའུ་གསིང་ལ།།
དཀར་དམར་ཚོན་གྱི་འཛུམ་ལྕི་བའི།།
མེ་ཏོག་སྣ་མང་ལྷག་ལྷག་དགོད།།
ཨནྡ་སྙིལ་ལྟར་རབ་སྔོ་བའི།།
མཚོ་དང་མཚེའུའི་ལྟེང་ཀ་འབུམ།།
ཁོ་ར་ཁོར་ཡུག་མཛེས་པའི་གཞིར།།
ཐོལ་གྱིས་འཁྱིལ་བའི་དཔལ་ཡང་རྨད།།
མྱུ་གུ་གསར་བའི་གཙུག་ཏོར་གྱིས།།
རོ་ལྡན་འབྲས་བུའི་ནུ་ཁུར་འབུམ།།
མ་ཐེག་ས་ལ་དུད་པ་ཡི།།
ཁོད་སྙོམས་ཞིང་སའི་མཐའ་མི་དཔོག།།
རྫ་ཆབ་དར་དཀར་ལང་ཚོའི་རྒྱུན།།
རི་བོའི་ཟོམ་དུ་འབབ་པ་ཡི།།
ལྷུང་ལྷུང་དབྱངས་ཀྱི་བུང་བའི་ཚོགས།།
རྣ་དབང་ཨུཏྤལ་ཚལ་དུ་འགྱུ།།
གཡུ་མདོག་མ་རྙིངས་ནགས་ཀྱི་ཚལ།།
དཔག་ཚད་ཁྱོན་དུ་འཁྲིགས་པ་ཡི།།
བསིལ་འཇམ་གོས་ཀྱི་འདབ་མ་ནི།།
ཞག་ལྡན་བུ་མོའི་གདོང་ལ་འཕྱང་།།
ཟ་བྱེད་གཤིན་རྗེ་དོང་ནང་ལ།།
བྱུ་རུའི་ཁྲག་དྲོན་འཁྱིལ་བ་ཡི།།
གཅན་གཟན་སྲིན་པོའི་མཆེ་བ་ཅན།།
དམར་ཆུང་སྲོག་གི་ཆོམ་པོར་རྒྱུ།།
ཁུ་བྱུག་འཇོལ་མོའི་ངག་སྒོ་ལས།།
དྲི་ཟའི་རྒྱུད་མངས་སྦྲེངས་འདྲའི་གླུ།།
རྒྱུན་པར་ཟེགས་པའི་འགྱུར་ཁུགས་ཀྱིས།།
ཚངས་སྲས་མགྲིན་པར་ངལ་གསོ་བྱིན།།
ཤིང་འབྲས་བིམྤའི་མཁུར་མདངས་ཅན།།
གཡུར་དུ་ཟ་བའི་དོ་ཤལ་གྱིས།།
ལྗོན་པའི་མགོ་ལྕོག་ས་ཡི་གཞིར།།
ངལ་བའི་ཟོལ་གྱིས་དུད་པ་འཛིན།།
ལེགས་བྱས་ཟླ་གཞོན་གསར་བའི་དཔལ།།
མ་ཉམས་བཞད་པའི་འོད་སྣང་གིས།།
ཆོས་སྡེ་གསེར་གྱི་ཀུ་མུད་ཚོགས།།
ཕྱོགས་དང་ཕྱོགས་ན་དཔྱིད་དུ་ལྷམ།།
ལུང་དང་རིགས་པའི་སྒྲ་དབྱངས་ནི།།
དབྱར་སྐྱེས་རྔ་ཡིས་མི་མཚོན་པས།།
ཡིད་སྲུབས་བདག་པོའི་སྙིང་གི་རྩེར།།
མྱ་ངན་ལག་པ་གར་དུ་རྩེན།།
དམར་སེར་གོས་ཀྱི་ཁ་དོག་གིས།།
ལུས་ལ་འཁྱུད་པའི་ཚུལ་གནས་པས།།
སྔོ་བསངས་བུ་མོའི་རྒྱུ་སྐར་གྱི།།
ཚར་དུ་དངར་བའི་གྲངས་ལ་འཕྱ།།
རྣམ་དཀར་བྱ་བའི་དཀྱིལ་འཁོར་ཅན།།
དུད་ཁྱིམ་འབྲས་དཀར་སྤུངས་འདྲའི་ཚོགས།།
སྟོབས་འབྱོར་དཔལ་གྱིས་འཁྱུད་པ་ལ།།
འགྲམ་ཆུ་མི་དཀུ་རང་དབང་ཅི།།
བཙན་པོའི་རུས་བཅུད་གཙང་མའི་རྒྱུན།།
མ་ཉམས་སྨུག་པོ་གདུང་གི་རྒྱུད།།
ཐང་སྨུག་སྦྲ་ཡི་ཚོམ་བུ་ཅན།།
འབྲོག་པའི་སྡེ་འདི་སུ་ཡིས་བསྐྲུན།།
དེ་ན་རྟ་ནོར་ཕོན་པོའི་ཁྱུ།།
ཐང་མར་བརྡལ་བའི་ངང་ཚུལ་གྱིས།།
བྱིན་ཆགས་དབྱིག་གི་བློ་གྲོས་མ།།
ཆུ་མཚོའི་ཁྲོད་དུ་ནུབ་ལ་དོགས།།
ལུས་བོངས་ཁོ་ལག་བརྗིད་པའི་བུ།།
གནོད་སྦྱིན་ཁྲོས་འདྲའི་སྟག་ཤར་ནི།།
རང་སྡེ་འོ་མའི་མཚོ་ཆུང་གི།།
དགྲ་བོ་ཆམ་དུ་ཕབ་པའི་གཉེན།།
ཟླ་གདོང་ཨུཏྤལ་འཛུམ་པའི་མིག།།
ནུ་འབུར་རྒྱས་པའི་དོག་པ་ཅན།།
གཤིས་འཇམ་ན་ཆུང་བུ་མོའི་ཚོགས།།
སྙིང་གི་དཔྱིད་དུ་ཅི་ཡང་ཐོགས།།
ཡུལ་འདིའི་དཔལ་དང་འབྱོར་བའི་ཁུར།།
རྒྱ་མཚོ་བཞི་ཡི་སྐ་རགས་ཅན།།
གསེར་ལྡན་རལ་བས་མ་ཐེག་པས།།
ཕག་རྒོད་མཆེ་བས་ངལ་བ་བརྟེན།།
མཁུར་མདངས་དམར་ཞིང་མཆུ་སྒྲོས་སྣུམ།།
ནུ་འབུར་རྒྱས་ཤིང་གོམས་འགྲོས་གཉོམ།།
ཟུར་མིག་བུང་བའི་ཟློས་གར་གྱིས།།
སྲེད་ལྡན་མིག་གི་དབང་བོ་འཆིང་།།
བཞིན་རས་ཟླ་བའི་མདངས་ལ་འཁུ།།
བློ་མཛངས་ཨ་ནུའི་དཔལ་ལ་བསྡེབས།།
བོད་ཀྱི་རུས་སུ་སྐྱེས་པའི་བུ།།
ལེགས་བྲིས་བུ་རུ་འཕྱོང་མོ་ཉུག།།
དེ་འདྲའི་ན་ཆུང་ཕོ་མོ་ཟུང་།།
ཕན་ཚུན་རིང་ནས་མཛའ་བའི་སེམས།།
རྰ་མ་ན་དང་སྰི་ཏ་ཡི།།
གཏམ་གྱིས་ཕྲེང་བས་མཚོན་ནུས་མིན།།
སྐད་ཅིག་བྲལ་བའི་གདུང་བ་ཡང།།
སྙིང་ཆུང་སྲེག་པའི་མེར་འགྱུར་ན།།
ཡུན་རིང་གྱེས་པའི་མྱ་ངན་གྱིས།།
ལུས་སེམས་སོ་སོར་བཞུད་ལ་དོགས།།
གསང་གཏམ་མུ་ཏིག་སིལ་མའི་ཕྲེང་།།
རྣ་བའི་དཔྱིད་དུ་རབ་སྨིན་ཅིང་།།
དམ་བཅའ་མི་ཤིགས་གཡུང་དྲུང་རིས།།
སེམས་ཀྱི་རྡོ་རུ་ལྷུན་གྱིས་གྲུབ།།
བརྩེ་སེམས་འོ་མའི་ཆུ་མཚོ་ཡི།།
རླབས་ཕྲེང་གཡོ་བའི་གཏམ་གྱིི་རྒྱུད།།
མི་རྣམས་བཟློས་བརྗོད་ལས་ཀྱིས་ནི།།
རོ་འཛིན་བུ་མོ་ཤིན་ཏུ་ངལ།།
ནམ་ཞིག་ལས་བཤོལ་དབེན་པ་ཡི།།
རླབས་ཆེན་དོན་གྱི་ཁུར་མང་པོ།།
བཟློག་པ་མེད་པར་གཞོན་ནུ་དེའི།།
ཕྲག་གོང་ལྕི་བའི་དགའ་མར་བབས།།
སྙིང་སྡུག་སྙིང་གི་མཛའ་ན་མོར།།
འབྲལ་བའི་ལས་དེ་སྐན་ན་ཡང་།།
དགོས་དོན་དྲི་བཞོན་ལག་པ་ཡིས།།
སེམས་ཀྱི་འཁྲི་ཤིང་ཅི་ཡང་བསྐུལ།།
མཆི་མའི་དོག་པ་འབུམ་ཕྲག་གིས།།
མཁུར་ཚོས་ཡོངས་སུ་བརླན་པའི་ཚེ།།
སེམས་མེད་རི་དང་མཚོ་ལ་ཡང་།།
དུ་ཁའི་ཚོར་བ་ཆར་དུ་བསྙིལ།།
མི་འདོད་གཏམ་གྱི་ཚེར་མ་ཡིས།།
དགའ་མའི་སྒྲ་འཛིན་གཙེས་པ་ན།།
འདྲེན་བྱེད་གཡོ་བའི་བུང་བ་ལས།།
མིག་ཆུའི་ཕྲེང་བ་ཕྱོགས་སུ་འཕུར།།
ད་ནི་ལག་སོར་མེ་ཏོག་ནི།།
བྲང་གི་མཚོ་ལ་མངོན་འཛུམ་ནས།།
རོ་འཛིན་བུ་མོའི་ཟློས་གར་གྱིས།།
སྨོན་ཚིག་མཐའ་དག་དབྱངས་སུ་སྨྲས།།
མཛའ་གཅུགས་གསེར་གྱི་འཁྲི་ཤིང་ནི།།
དུས་ཀྱི་རླུང་གིས་འཇིག་མིན་པར།།
དམ་བཅའི་རི་མོ་རྡོ་ཡི་མདངས།།
སུ་ཞིག་འཕྲལ་དུ་གསུབ་པར་ནུས།།
འཕྲུལ་ཆས་མགྱོགས་མོའི་འགྲོས་གཅིག་གིས།།
བས་མཐའི་གྲོང་དུ་སྤྱུགས་པ་ཡིས།།
གཞོན་ནུ་དེ་ཡི་ཀུན་རྟོག་སེམས།།
སོམ་ཉིའི་དྲ་ལ་འཁྱོག་པོར་འཕྱང་།།
སྐབས་གསུམ་ལྟེ་བའི་གཞལ་མེད་ཁང་།།
ས་ལ་འཕོས་འདྲའི་ཁང་བརྩེགས་དག།།
མཐོན་མཐིང་མཁའ་ལ་བསྙེགས་པ་ཡིས།།
ཉི་ཟླའི་ཟུར་ཕུད་རྒྱན་དུ་འཛིན།།
ནུབ་གླིང་མཁས་པའི་བློ་རིག་གིས།།
བསྐྱེད་པའི་ཚོང་ཟོང་དངོས་པོའི་ཚོགས།།
ཐང་མར་བརྡལ་བ་སྒྱུ་མའི་གཟུགས།།
མིག་དབང་འཆིང་བའི་དཔྱིད་དུ་སྨིན།།
ངག་ཚིག་རི་མོ་མི་གཅིག་པའི།།
ཐ་དད་མི་རྣམས་འགྲོ་འོང་གིས།།
རང་རང་ཐུན་མིན་ཆ་ལུགས་ཀྱི།།
འབུར་དོད་ཁྱད་ཆོས་ངོམ་ལ་བྲེལ།།
ནུ་རྒྱས་ཆུ་ཤེལ་ཕོན་པོ་ཟུང་།།
བྲང་གི་དཔལ་དུ་རྒྱས་པ་ཡི།།
ན་ཆུང་རི་དྭགས་མིག་ཅན་ཚོགས།།
མིག་གིས་གཏོང་ལ་འདུན་པས་དབེན།།
ཕྱོགས་ཀྱི་དོན་མཐུན་རྐང་གཉིས་འགྲོ།།
མ་ལུས་གཅིག་ཏུ་འདྲེས་པའི་ཚེ།།
སོ་སོར་འབྱེད་པའི་བློ་གྲོས་ནི།།
འོད་གསལ་ལྷ་ཡི་ཚོགས་ལ་ལྡོང་།།
རྡོ་བས་གཅལ་བཀྲམ་ཁྲོམ་སྲང་ན།།
བྱ་ལྟར་རྒྱུ་བའི་འཕྲུལ་ཆས་ཚོགས།།
གྲོག་མའི་ཚང་མལ་བརྡོལ་འདྲ་བ།།
བགྲང་ལ་སོར་མོའི་འདུ་བྱེད་ངལ།།
སྣ་ཚོགས་སྒྱུ་མའི་འཛུམ་བག་གིས།།
བྲིས་པའི་གྲོང་ཁྱེར་མངོན་དགའ་བ།།
འདྲེན་བྱེད་མེ་ལོང་ལ་ཐོབ་ཀྱང་།།
དགའ་མ་དྲན་པའི་ཚོར་བས་གདུངས།།
ལོ་དང་ཟླ་བའི་འཁོར་ལོ་ནི།།
མགྱོགས་པའི་འགྲོས་ཀྱིས་རྩེན་པ་ཡིས།།
སེམས་ཀྱི་རི་ལ་མྱ་ངན་གྱི།།
གོས་དཀར་སྨུག་སྤྲིན་དལ་གྱིས་འཛིན།།
མཁའ་རུ་དལ་གྱིས་བགྲོད་པའི་སྤྲིན།།
བསིལ་བའི་རླུང་གིས་བསྐྱོད་པ་ལ།།
དྲན་གདུང་ཡུས་ཀྱིས་བརྣངས་པའི་ཚིག།།
འཕྲིན་དུ་སྤྲེངས་པའི་གྲངས་མ་དམིགས།།
རྩྭ་ལྗང་བེེེཻདྰུརྱ་ཡི་གོས།།
གོས་སུ་ཀླུབ་པའི་གསེར་ལྡན་མ།།
སྡུ་གུར་བཀྲ་བའི་ཕང་བ་ན།།
རོལ་རྙེད་མ་ཡང་སྐྱོ་ཞིང་མཆིས།།
བྱུ་རུའི་དམར་མདངས་ཉེར་འཕྲོག་པའི།།
མཁུར་ཚོས་དམར་པོའི་ངོས་ཡངས་སུ།།
བརླན་གཤེར་མཆི་མའི་དོག་པ་ནི།།
མུ་ཏིག་ཚོམ་བུ་འཐོར་བ་བཞིན།།
ཀུན་རྟོག་ཡིད་ཀྱི་ནམ་མཁའ་རུ།།
སྙིང་སྡུག་དགའ་མའི་མཛེས་པའི་བཞིན།།
དྲན་པའི་པིར་གྱིས་བྲིས་པ་ན།།
སེམས་ཀྱི་ལང་ཚོ་རལ་ལ་ཉེ།།
ངང་ངུར་བུང་བ་ཁུ་བྱུག་གིས།།
གཞས་དབྱངས་སྙན་མོར་སྒྲོག་པའི་གླུས།།
མཛའ་བོའི་སྙིང་གཏམ་མགུར་མའི་དབྱངས།།
དྲན་པར་བྱེད་ལ་བསྐུལ་བ་འདྲ།།
ནེའུ་གསིང་གཡུ་ཡི་གུར་ལྡིང་དུ།།
མགོ་ལྕོག་འགྱུ་བའི་ཆུ་སྐྱེས་དང་།།
བུང་བའི་རྩེད་འཇོ་མཐོང་བ་ན།།
གདུང་བའི་མེ་ལྕེ་དྲག་ཏུ་འཕྱོ།།
དྲན་པའི་ཆུ་རྒྱུན་རིང་མོ་ཡིས།།
ལུས་སེམས་ལྷན་དུ་དེད་པ་ཡིས།།
ནམ་ཞིག་ཕུང་བོའི་རྩེ་མོ་ནས།།
རྣམ་ཤེས་བུང་བ་རྒྱང་དུ་འཕུར།།
སྤུ་སྡུག་གཉིས་སྐྱེས་བྱ་ཡི་ཁྱུ།།
ངང་ཚུལ་དེ་ཡིས་རབ་གདུང་སྟེ།།
དབྱངས་བདུན་ག་བུར་བསིལ་བའི་གླུ།།
མགྲིན་པའི་ལམ་ནས་ཁེགས་པ་འཛིན།།
ཁ་དོག་སྣ་ལྔའི་བཞིན་རས་ཅན།།
ཚར་དུ་དངར་བའི་ཆུ་སྐྱེས་ཚོགས།།
མྱ་ངན་ཚོར་བ་ཁུར་ལྕི་སྟེ།།
བཀྲག་མདངས་ཉམས་པའི་ཟོལ་གྱིས་དུད།།
ཏིང་འཛིན་གཉིད་དུ་ཡུར་བ་ཡི།།
དྲང་སྲོང་རྒན་པོས་བསམ་གཏན་གྱི།།
བདེ་བ་དོར་ནས་སྡུག་བསྔལ་ལ།།
ལག་ལྡན་པད་མཚོར་བཞིན་དུ་འཇུག།
ཕྲ་རགས་སྣོད་བཅུད་རི་མོའི་གཟུགས།།
སྙིམ་པའི་མཐིལ་དུ་བླངས་འདྲ་བའི།།
ལྷུན་ཆགས་རི་ཡི་མུ་ཁྱུད་ཀྱིས།།
སྐྱོ་བའི་རྣམ་འགྱུར་བཞིན་ལ་འཛིན།
ཡིད་ལ་བརྣག་དཀའི་མཚོན་གདེངས་པའི།།
ཕོ་གཞོན་དེ་ནི་དྲན་གདུང་གིས།།
ལུས་ཀྱི་ཤ་རྣམས་ཡོངས་བྲི་སྟེ།།
ཀེང་རུས་ཁོ་ནའི་གཟུགས་ཀྱིས་འཚོ།།
སྙིང་སྡུག་དགའ་མའི་དྲན་པའི་ཁུར།།
སེམས་ཀྱི་རྩེ་ལ་རབ་ལྕི་བས།།
བྱང་ཕྱོགས་གངས་ཅན་རི་བོ་ལ།།
གོམས་ཁ་དཀྱུ་བའི་ཉེར་བསྡོགས་བརྩམས།།
དེ་ཚེ་རླུང་གི་འགྲོས་ལྡན་པའི།།
མཁའ་ཡི་གྲུ་ལ་ཉེར་བརྟེན་ནས།།
གངས་ལྗོངས་ནོར་འཛིན་བུ་མོའི་ལྟོར།།
རིང་བོར་མ་ཐོགས་བདེ་བར་སོན།།
ཉི་ཟླའི་རྣ་ཆ་དཔྱངས་པ་ཡི་།།
གངས་ཀྱི་ས་འཛིན་ལྷུན་ཆགས་པ།།
མཐོང་བའི་མོད་ལ་ཡིད་ཀྱི་རྩེར།།
དགའ་བདེ་འབུམ་གྱིས་རབ་ཏུ་འཁྱུད།།
དཀར་སེར་སྔོན་པོའི་འཛུམ་རིས་ཀྱིས།།
མཁུར་དུ་ལང་ཚོའི་མདངས་བྱིན་པའི།།
ཚར་དུ་དངར་བའི་ཆུ་སྐྱེས་ཀྱིས།།
མིག་ལ་མཛེས་པའི་དཔལ་ཡོན་སྦྱིན།།
རྫ་ཆབ་ག་བུར་བསིལ་མོ་ཡི།།
ལྷུང་ལྷུང་དབྱངས་ཀྱི་རྒྱུད་མང་གིས།།
གསེར་ལྡན་བཞིན་རས་འཁྲུད་པ་ལ།།
ཟུར་མིག་བུང་བའི་གཤོག་སྒྲ་འགྱུ།།
འབྲོང་གཡག་རྒོད་པོའི་རྭ་རྩེ་ནི།།
ཨ་སྔོན་མཐོངས་སུ་གདེངས་པ་ཡིས།།
རྒྱུ་སྐར་ལྷན་དུ་འཁོད་པའི་ཕྲེང་།།
ཅང་མེད་སྟོང་བའི་དབྱིངས་སུ་བྲོས།།
སྤྲིན་གྱི་ཚོམ་བུ་ས་ཡི་གཞིར།།
ཕོན་པོར་བརྡལ་འདྲའི་བལ་ལྡན་ཁྱུ།།
མིག་གིས་འཚོ་བའི་ན་ཆུང་མའི།།
རྫི་གཞས་དྭངས་མོ་རྣ་ལ་ཞིམ།།
ཕ་ས་གངས་དཀར་རི་བོའི་ལྗོངས།།
འདྲེན་བྱེད་དཔལ་དུ་ཉེར་ཐོབ་པས།།
ཀུན་རྟོག་སེམས་ཀྱི་ནམ་མཁའ་རུ།།
སྐྱོ་སྣང་སྤྲིན་གྱི་རེག་བྱས་སྟོང་།།
འོན་ཀྱང་དགའ་གྲོགས་འདས་པའི་གཏམ།།
དགའ་སྣང་འཕྲོག་པའི་ཆོམ་པོ་བཞིན།།
ཐོས་འཛིན་རྩེ་རུ་སོན་པ་ན།།
སྙིང་ཁོང་སྡུག་གི་ཕྲེང་བས་མནན།།
རྣ་ལ་གཟན་པ་ངུད་མོའི་སྐད།།
མགྲིན་པའི་རྒྱུད་ལས་ཤོར་བ་ན།།
རི་དང་ཆུ་བོའི་ཚོགས་དག་གིས།།
དུ་ཁའི་ཕོན་པོ་སྙིང་ལ་འཛིན།།
མྱ་ངན་དུག་གི་བཤུལ་ལམ་ལ།།
ཉིན་མཚན་ཕྲེང་བར་བརྒལ་བ་ཡིས།།
ཡིད་འོང་ལང་ཚོའི་རང་མདངས་ནི།།
མི་སྡུག་རྒ་བའི་ཁུར་གྱིས་འཁྱུད།།
ནམ་ཞིག་སྲིད་པའི་སྙིང་བོ་ནི།།
རླུང་ཁར་འཕྱན་པའི་སྒྲོན་མེ་དང་།།
ཤིང་བལ་བཞིན་དུ་ཉེར་མཐོང་ནས།།
ངེས་འབྱུང་སྣང་བ་ཅི་ཡང་འཁྲུག།།
ད་ནི་ངུར་སྨུག་བླ་གོས་ཀྱིས།།
ལུས་ཀྱི་འཁྲི་ཤིང་རབ་བརྒྱན་ཏེ།།
ཚངས་སྤྱོད་ཁྲིམས་ཀྱི་ཞགས་པ་ཡིས།།
སྒོ་གསུམ་བུ་མོ་དམ་དུ་བཅིངས།།
ལེགས་བཤད་སྨྲ་བའི་རོ་འཛིན་ཅན།།
གཤེས་གཉེན་ལྷ་ཡི་དབང་བོ་དག།།
བསམ་སྦྱོར་དག་པའི་བསྙེན་བཀུར་གྱིས།།
སྤྱི་གཙུག་རལ་བའི་རྩེ་ལ་མཆོད།།
བཅུ་ཕྲག་རིག་པའི་ཐང་ཆེན་དུ།།
གུས་རྟག་ཅང་ཤེས་བཟང་བོ་ཡི།།
རྩེད་འཇོའི་བང་ཁ་མ་ལྷོད་པར།།
ཤེས་བྱའི་མེ་ཏོག་ཅི་ཡང་བཏུས།།
ལུང་རིགས་སྨྲ་བའི་གྲྭར་ཞུགས་ཏེ།།
རྩོད་པའི་ལྕེ་ཞགས་འཁྱུག་པ་ན།།
རྒོལ་ངན་དྲེགས་པའི་རི་མོ་ནི།།
མཁའ་ཡི་རེག་བྱའི་ཚུལ་ལ་རྟོག།།
གཙུག་ལག་ནོར་གྱི་བློ་གྲོས་མ།།
རྣམ་དཔྱོད་གོམ་པ་གཅིག་གིས་ཀྱང་།།
གཞལ་བར་ནུས་པས་དཔལ་བདག་གི།།
འཇུག་པ་ལྔ་བའི་ཁེངས་པ་འཕྲོགས།།
གཡས་འཁྱིལ་མགྲིན་པའི་ཆ་རེར་ཡང་།།
ལེགས་བཤད་དོག་པ་འབུམ་ཆགས་པས།།
སྐལ་བཟང་བུང་བའི་ཁྱུ་ཚོགས་ཀྱིས།།
སྲེད་པའི་གདུང་བ་སྙིང་ལ་འཛིན།།
མང་ཐོས་ནམ་མཁའི་ཐུ་གཤམ་དུ།།
མ་ཆུད་མཁས་བྱའི་དངོས་པོ་དེ།།
འཇིག་རྟེན་མེས་པོའི་སྤྱན་མང་གིས།།
ཕྱོགས་མཐར་བཙལ་ཡང་དམིགས་སུ་མེད།།
འཆད་རྩོད་རྩོམ་པའི་འོད་སྣང་གིས།།
བློ་གསལ་མྱུ་གུ་བསྐྱེད་བསྲིངས་པའི།།
གྲགས་སྙན་གསེར་གྱི་ངང་མོ་ནི།།
ཕྱོགས་བྲལ་མཚོ་ཡི་ངོགས་ན་རྒྱུ།།
མཁྱེན་རབ་གསེར་གྱི་དབྱིག་འཛིན་ལ།།
ལུང་རྟོགས་ཡོན་ཏན་ཁུར་ལྕི་བས།།
མཁས་མང་རལ་བའི་མེ་ཏོག་གིས།།
ཞབས་རྡུལ་སྤྱི་བོར་ལེན་ལ་བྲེལ།།
མཁས་བཙུན་བཟང་བོའི་ཟློས་གར་ལ།།
བསྔགས་པའི་དབྱངས་ཀྱི་ཕྲེང་བ་ཡིས།།
རྐང་གཉིས་དག་གི་སྨྲ་ལྕེ་ནི།།
ནམ་ཞིག་ཡོངས་སུ་བྱེར་ལ་དོགས།།
ལེགས་གསུང་སྦྲང་ཆར་བསིལ་མོའི་རྒྱུན།།
གདུལ་བྱའི་འཛིན་མར་སིམ་པ་ཡིས།།
མགྲིན་བཅུ་གདུང་བའི་མྱ་ངན་གྱིས།།
དབུགས་དབྱུང་བྲལ་བའི་ངང་ཚུལ་བརྟེན།།
དེ་ལྟར་བརྗོད་བྱའི་ཉལ་འགྲོ་ལ།།
རྗོད་བྱེད་རླབས་ཕྲེང་འབུམ་གཡོ་བའི།།
ངག་རིག་དབྱངས་ཅན་རིག་པའི་ཆབ།།
བདག་བློ་གངས་ཀྱི་ཁྲོད་ལས་ཐོན།།
འདིར་འབད་དགེ་བས་རིག་བྱེད་ཀྱི།།
ཟླ་བའི་དཀྱིལ་འཁོར་མ་འཐོར་བར།།
ཚིག་རྒྱན་གསར་བའི་འོད་སྣང་གིས།།
མཐའ་དག་འཇིག་རྟེན་གསལ་གྱུར་ཅིག།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།