ཕ་ཡུལ་ལ་བསྟོད་པ།
ཨ་སྔོན་དབྱིངས་ལ་ཟུག་པའི་ས་འཛིན་སྤོར།།
ནགས་ཚུལ་སྟུག་པོ་མུན་པ་གཏིབས་འདྲ་བོ།།
ནགས་ཀྱི་གཤིན་རྗེ་གང་དགར་རོལ་བའི་གནས།།
བདག་གི་ལྟེ་ཁྲག་འཕོ་སའི་ཡུལ་མཆོག་ཡིན།།
རབ་བརྗིད་ས་ཡི་ཐིག་ལེའི་ལྟེ་བ་རུ།།
མཐོ་རིའི་འོད་ལྔར་འཁྲུལ་བའི་མེ་ཏོག་བཞད།།
ལྷུང་ལྷུང་བཞུར་བའི་སྒེག་ལྡན་ཉལ་འགྲོ་མ།།
གནས་འདིའི་གཡང་རྟེན་བཅུད་ཀྱི་ལང་ཚོར་འཁུམ།།
མུ་ཁྱུད་ཟླ་ཤེལ་བརྩེགས་པའི་གནས་མཆོག་འདིར།།
འཇའ་ཚོན་སྣ་ལྔར་འཁྲུལ་བའི་སྐྱེད་ཚུལ་མཛེས།།
དྲི་འཛིན་དབང་བོ་འཕྲོག་པའི་དྲི་བསུང་འཐུལ།།
ལེགས་བྲིས་གཞོན་ནུའི་བསྟི་གནས་མིན་པ་གང་།།
ཡི་གར་འོངས་པའི་མདོ་སྨད་གསེར་ལྗོངས་ཀྱི།།
ཕ་མཐའ་དཔག་པར་དཀའ་བའི་རྩྭ་ཐང་གི།
གནག་ཕྱུག་ཚོམ་བུ་རྒྱུ་སྐར་གྲངས་ལ་མཉམ།།
ཨེ་མ་ནོར་རྩེན་ཕོ་བྲང་འདི་མིན་སུ།།
ཡན་ལག་བཞི་ཟུང་ཆུ་བོ་འབབ་པའི་གནས།།
ཆུ་ཁུར་སྟོད་གཡོགས་དྲི་མས་མ་གོས་བར།།
རྐང་དྲུག་བུང་བ་རྣམས་ཀྱིས་སྤྲང་རྩིའི་ཆང་།།
ཅི་དགར་རོལ་བའི་རྣམ་པས་རྩེ་དགར་འཇུག།
རྩོམ་ཁུངས། ངེད་དྲ་བ།