མི་ཡི་སེམས་ཁམས།
མཐོ་སྒང་འདི་ན་ཆེས་ཆེར་གསང་བ་དང་། །
ལྐོག་ཏུ་གྱུར་པའི་ཆོས་ཤིག་ཡོད་གྱུར་ན། །
མགོ་ནག་མི་ཡི་སེམས་ཀྱི་གཤིས་ཀ་དང་། །
གསུང་རབ་དགོངས་དོན་གཉིས་ལས་གཞན་ཅི་ཞིག །
གཅིག་དང་གཉིས་ཞེས་གྲངས་སུ་བགྲང་འདོད་ཀྱང་། །
ང་ལ་ཡོད་པ་སྔོན་མའི་ལོ་རྒྱུས་ཙམ། །
ཁྲིག་ཁྲིག་མེད་པའི་འཇིག་རྟེན་ཁམས་འདི་ལ། །
ང་ཡི་ཡོད་ཚད་མདང་གི་རྨིན་ལམ་འདྲ། །
ཕན་གནོད་སོར་མོའི་རྩེ་ལ་བགྲང་ན་ཡང་། །
དོན་གྱི་ཆ་ནས་ཕན་གནོད་ངོས་འཛིན་དཀའ། །
ད་ལོར་གཤོམ་པའི་བཅོ་ལྔའི་མཆོད་པ་ལ། །
སོང་ལོར་སྐྱུར་དྲི་ཁ་བ་ཆོས་ཉིད་འདྲ། །
ཁ་བ་བུ་ཡུག་འཚུབ་པའི་འཇིག་རྟེན་འདིར། །
ང་ཡི་ལུས་སེམས་གཉིས་ཀ་གྲང་ཤུར་ཤུར། །
བརྒྱ་ལ་མི་འཁྲེང་སྟོང་ལ་མི་ཞེན་ཡང་། །
གཅིག་གིས་ཆད་པས་སེམས་འདི་སྟོང་ལྷང་ལྷང་། །
ང་ཡི་སེམས་ཁམས་ཁྱོད་ཀྱིས་མི་རྟོགས་ཤིང་། །
ཁྱོད་ཀྱི་གཤིས་སྤྱོད་ང་ཡིས་མི་ཤེས་ཀྱང་། །
རི་དྭགས་རྙི་ལས་ཐར་བའི་འདུ་ཤེས་ཀྱིས། །
ཕྱིར་ལྟོས་ཙམ་ཡང་མེད་འདི་བདེན་ལགས་སམ། །
ཤ་ཟ་སྲིན་པའི་རིགས་ཀྱི་གངས་ཅན་པར། །
ཡ་རབས་སྤྱོད་བཟང་མེད་པར་བདེན་ན་ཡང་། །
སྤྲེལ་འུ་བྱང་སེམས་རུས་ལས་འཁྲུངས་པ་ལ། །
ཁྲེལ་གཞུང་ངོ་ཚ་ཅུང་ཟད་མེད་འདི་ཅི། །
སྒོར་མོའི་འཇིག་རྟེན་ཟེར་མཁན་མང་ན་ཡང་། །
ང་ཡི་སེམས་ནས་ཡིད་ཆེས་མ་བྱས་ཤིང་། །
འོན་ཏེ་སྒོར་མོས་འདྲིད་པའི་སེམས་པ་དེ། །
མཐོང་བས་ཡིད་ཆེས་མི་བྱེད་དཀའ་མེད་གྱུར། །
དུང་སོ་སུམ་བཅུ་ཁ་དོག་དཀར་ན་ཡང་། །
ལྷན་སྐྱེས་སེམས་ཁམས་སོལ་བ་ལས་ཀྱང་ནག །
དོན་ལྔ་སྣོད་དྲུག་མི་བུ་ཀུན་མཉམ་ཡང་། །
ཁྲེལ་གཞུང་ལ་རྒྱ་མེད་པ་ཁྱི་དང་འདྲ། །
ལག་པས་བསླད་དུས་སེམས་ཀྱིས་མ་བཏང་ཞིང་། །
སེམས་ནས་བོར་དུས་ལག་པས་བཏང་མ་ཐུབ། །
ནམ་ཡང་འདོར་ཐབས་མེད་པའི་སེམས་པ་འདི། །
ཚེ་སྔོན་བསགས་པའི་ལན་ཆགས་བུ་ལན་འདྲ། །
ཁ་ནང་གཏམ་དང་ཆུ་བོའི་རླངས་པ་ལ། །
སྙིང་པོ་མེད་པར་དེ་རིང་ང་ཡིས་ཤེས། །
ཀུན་གྱི་སྐྱབས་གནས་སྒོར་མོ་འདི་ཚང་གིས། །
དགྲ་བོ་གྲོགས་སུ་བཀུག་པའི་ལོ་རྒྱུས་མང་། །
རྩོམ་ཁུངས། ངེད་དྲ་བ།