ལས་མཐུན་སེམས་ཀྱི་རོལ་དབྱངས།
མཚན་སྙན་རྔ་སྒྲ་ཕྱོགས་སུ་ལྡིར་བའི་ཁྱད་འཕགས་བདེ་སྐྱིད་ཆུ་ཁོལ་དུ།།
བདུན་གྲངས་གཉིས་ལ་ཁྲུས་སུ་རོལ་བའི་དུས་ཚོད་གསེར་གྱི་འཁོར་ལོའི་ཁྲོད།།
མི་བརྗེད་སེམས་ནས་བརྙན་འཕྲིན་ཇི་བཞིན་ཡང་ཡང་མིག་ལ་མཚར་ཉམས་འཕྲོ།།
མི་སྦས་གསོང་བོར་སྙན་ཚིག་འགྲོས་ལ་དྲན་པའི་གཏམ་གྱི་ལྷུ་རྐང་སྒྲིག།
གྲམ་གཞུང་སྐྱ་བོའི་ཕ་བོང་ཕག་ནས་མིག་གི་མདའ་མོ་ལན་མང་འཕངས།།
བཅུ་དྲུག་ལང་ཚོའི་བཞིན་དཔལ་ངོས་ན་འཛུམ་མདངས་མེ་ཏོག་ལྷུག་ལྷུག་དགོད།།
གནག་སྣུམ་སྐྲ་ལོའི་ལྕང་ལྕུག་ལན་བུ་སྐྱི་བསེར་རླུང་གི་གྲོགས་སུ་སྦྲོན།།
ཚིགས་དྲུག་གཟུགས་རིས་ལྡེམ་མྱུར་བར་ན་སྒེག་ཉམས་རྨ་བྱའི་སྒྲོ་གུར་ཕུབ།།
ལེན་ཕྱོགས་གོམ་པའི་འདེགས་འཇོག་བར་ན་མཁྲང་རྒྱས་མྱོས་བུམ་བྲོ་གར་རྩེན།།
ཐ་དད་ཁ་དོག་ལུས་སུ་མནབས་པའི་གྱོན་གོས་ཕྱེ་ལེབ་སྒེག་མོ་མཛེས།།
ཁྱོད་ལས་འབེལ་བོ་མཛེས་མའི་བྱད་བཞིན་མཐོང་ལམ་མིག་ལ་འཕྱོ་ན་ཡང༌།།
མ་ལུས་མཛེས་པའི་ཡོན་ཏན་ཀུན་ཚང་སྙིང་སྡུག་བུ་མོའི་སྟེང་དུ་ཕོག།
ཉིན་ཞིག་སྟབས་ལེགས་སྟེས་དབང་ལས་འབྲས་ཆུ་མིག་བྲག་གི་སྐྱིབས་ནས་སྨིན།།
སྨྲ་བརྗོད་གཏམ་གྱི་འོ་མཚོའི་ཀློང་ནས་བརྩེ་མཐུན་མར་ལོ་སེར་པོ་འཁྲུངས།།
འདྲིས་པའི་རྩེད་མཚར་དགོད་སྒྲ་དང་བསྡེབས་སྤྲོ་སྣང་སྙན་ལྡན་པི་ཝང་དཀྲོལ།།
རེ་བའི་ཅང་ཤེས་གསེར་སྒས་བརྒྱན་ཏེ་དུང་བའི་ཐང་ཆེན་ཡངས་པོ་ལ།།
ཅི་འདོད་གོམ་ལག་བང་རྩལ་ངོམ་སྟེ་འཐད་པའི་འཚེར་སྐད་ལྷང་ལྷང་སྒྲོག།
མཆོངས་བསྐྱོད་རེ་སྙེག་རྨིག་སྒྲའི་གསེང་ནས་མཐའ་མཇུག་འབྲས་བུའི་ཆོ་ལོ་ཐོབ།།
ཁོང་ནས་འཛུམ་ཕྱུང་སྤྲོ་ཤུགས་འཕེལ་ཏེ་ཐན་ཐུན་མཛའ་གླུ་རང་བྱུང་བརྡོལ།།
དལ་མེད་དྲག་ལྡིང་སྙིང་ཆུང་འཕྲོས་ནས་དགའ་བའི་རྐང་ལག་གང་སར་བརྐྱངས།།
བསྟུད་མར་ཉིན་འགའི་དུས་ཆད་མཉམ་འཛོམས་མི་གསུབ་ཚེ་འདིའི་བརྗེད་བྱང་སྟེ།།
གཡུ་མཚོ་སྔོན་མོའི་འཇུག་ངོགས་འཁྲིས་ཀྱི་ཆ་འགྲིག་ངང་ངུར་དོ་ཟླར་མཐུན།།
སྐྱེད་མོས་ཚལ་ན་ཅི་དགར་རོལ་བའི་གཡུ་སྦྲང་དང་ནི་པད་མ་ཟུང༌།།
མ་སྒྲིག་རང་མཐུན་མཛེས་པའི་སྦྱོར་སྡེབ་ལྷུན་གྱིས་གྲུབ་པ་མིག་གི་དཔྱིད།།
ངེད་གཉིས་མཐུན་པའི་སྐབས་གླགས་ཕྲ་མོ་དེ་རིང་ཕྱིས་ཀྱི་སང་ཉིན་ལ།།
མི་གནས་གྱེས་བྲལ་ཨ་སྔོན་ནམ་མཁའི་ཁ་དོག་སྣ་ལྔའི་འཇའ་ཚོན་ནམ།།
མཛེས་པར་སྤུད་པའི་ལང་ཚོའི་མདངས་ངོམ་མཚན་ཐུན་གཅིག་གི་རྨི་ལམ་ཡིན།།་
བསམ་ཞིང་བསམ་ན་ཁུར་དུ་ལྕི་བའི་བཟོད་བྲལ་ན་ཟུག་སྐྱུར་མོ་ཞིག།
དུངས་པ་མཛེས་པའི་སྐད་ཅིག་ལས་དབང་ཉིད་ཀྱི་སེམས་པའི་ཕུ་ལ་ཉོར།།
བསྒྱུར་མེད་འདུ་འབྲལ་དུས་བཞིའི་འཁོར་འགྲོས་མི་སྡོད་བཞུར་རྒྱུན་ཆུ་ལ་འཐིམས།།
གཟུགས་མེད་གློག་དང་འགྱུར་མེད་འཕྲིན་པས་སེམས་སྐུད་བརྒྱུ་བའི་སྨོན་འདུན་གསོལ།།
སྙིང་སྡུག་མཛའ་མོ་བྱེའུ་ཆུང་ཅོ་ཀ་མ་བརྗེད་དམ་ཚིག་སེམས་སུ་སྒོམ།།
རྩོམ་ཁུངས། ངེད་དྲ་བ།