རྫ་སྐྱེ་དགུ་དང་ཇོ་སྲས་པའི་སེམས་ངལ།
ཁ་ནས་མི་རིགས་མི་རིགས་ཞེས་ཏེ་མ་ཎི་བཞིན་ཟློས་ཀྱང་།
དོན་དུ་རང་ཉིད་བསམ་པའི་ཝ་མོ་ཡི་རིགས་ཀྱིས། །
འདུར་རྒྱུགས་སྨག་དང་འགྲོགས་པའི་འཚུལ་ཆོས་ཀྱི་གར་སྟབས།།
ཞིབ་ཏུ་བསམ་ན་བོད་པ་ཉམས་རྒུད་ཀྱི་གཞི་རེད། །
བྱམས་དང་སྙིང་རྗེའི་ཁ་ཕོ་ཆེན་པོ་ཞིག་སྒྲོག་ཀྱང་།།
རྒྱུ་འབྲས་ཏིལ་ཙམ་མེད་པའི་སྨྲ་མཁས་ཀྱི་ནེ་ཙོ། །
གཞན་གྱི་ཟས་འཕྲོ་ཟ་ཞོར་ཅ་ཅོ་དེ་མ་སྒྲོག།
བོད་མི་དངོས་མའི་བྱ་སྤྱོད་དེ་འདྲ་ཞིག་མ་རེད། །
གཞན་སྐྱོན་ཅི་ཡོད་ཁ་ཐུག་ངོ་ཐུག་གིས་བརྗོད་ན། །
གཞན་ཕན་ལས་ལ་འཇུག་པའི་ཀུན་སློང་གི་དྭངས་མ། །
ཕྲག་དོག་མེ་ལྕེ་ཧམ་སེམས་དུད་ནག་ལས་འཕྱུར་བ། །
ཕན་གྲོགས་མ་རེད་དུད་འགྲོ་རྩ་གཟན་ལས་སྡུག་གོ།
སེམས་ན་རིགས་ཞེན་ཡོད་ན་ནང་རྩོད་དེ་མ་བྱེད། །
དོན་དམ་མི་རིགས་བསམ་ན་ཤེས་རིག་ལ་འབད་རོགས། །
ནང་བསྟན་ཆོས་ལུགས་བཤད་ན་རྒྱུ་འབྲས་ཤིག་བརྩི་རོགས། །
དེ་མིན་ཁ་བཤད་དོན་སྟོང་གང་ལའང་མི་ཕན། །
གནས་ལུགས་མི་བཤད་སློབ་མ་བཙོན་མ་རུ་བརྩི་ཞིང་། །
སློབ་གསོ་མི་ཤེས་གཡག་སྣ་ཁུར་ཚུར་གྱིས་ཕུག་པ། །
དགེ་རྒན་མ་རེད་ཕྱི་མའི་གཤིན་རྗེ་ཡི་རང་གཟུགས། །
སློབ་མ་བསམ་ན་ཁྲིད་སྟོན་གང་ལེགས་ནི་གྱིས་ཤིག།
སློབ་མའི་སེམས་ཀྱི་བླ་མ་བཙོན་སྲུང་དང་འདྲ་བས། །
སློབ་གྲྭ་དེ་ཡང་འཇིགས་པའི་བཙོན་ཁང་དང་འདྲ་བྱུང་། །
སློབ་མ་སློབ་གྲྭར་མ་བཏང་དངུལ་ཆད་ནི་གཅོད་པའི། །
དགོད་བྲོའི་སྐྱོ་གར་འཁྲབ་པའི་རྩ་བའང་འདི་ལན། །
སྡུག་པའི་དུས་སུ་གཞན་གྱི་ཨོང་ཤ་ཡང་ལྡག་ཅིང་། །
དགའ་བའི་དུས་སུ་རང་མགོ་ཉི་ཟླ་ལ་ཐུག་ཏེ ། །
དགའ་སྡུག་བར་ན་རྫུ་འཕྲུལ་གྲངས་མེད་ཅིག་སྟོན་པའི། །
ངོ་ལྤགས་རྫུན་མ་གྱོན་པའི་སྐྱེ་བོ་ལ་སུན་སོང་། །
ཚན་རྩལ་མཁོ་མེད་སྨྲ་ཞོར་ཚན་རྩལ་ལ་བརྟེན་ཞིང་། །
ཆོས་ཀྱི་དོན་སྙིང་མི་རྟོགས་ཆོ་ག་ལ་དགའ་བ། །
སྒོ་གཏན་རིགས་ལུགས་པ་ཡི་སྐྱོ་གར་ལ་ལྟ་ཞོར། །
མིག་ཆུ་སེམས་ཁར་འཁྱིལ་ནས་སྨྱུག་རྩེ་ནས་ཟེགས་སོང་། །
དོ་ནུབ་སྐྱེ་དགུ་གྲོང་གི་མཚན་ལྗོངས་ཀྱི་དབུས་སུ། །
ཇོ་སྲས་དོན་ལྔ་སྣོད་དྲུག་གྲང་ལྷགས་ཀྱིས་གཙེས་སོང་། །
མ་འོངས་བོད་པའི་དམིགས་འདུན་ཉག་གཅིག་དེ་བསམ་ཞོར། །
མེས་པོ་དྲན་ནས་ཀི་ཞིག་དབང་མེད་དུ་ཤོར་སོང་། །
བུ་ངའི་སེམས་ངལ་རིགས་ཞེན་ན་ཟུག་གི་རྩ་བ། །
སྙན་བྲལ་ཚིག་ཉོག་སྙིང་གི་དོན་གཏམ་གྱི་རང་སྒྲ། །
བདེན་པར་བསམ་ན་ཀུན་གྱིས་ཐུགས་བསམ་རེ་གཏོང་རོགས། །
རྫུན་པར་སྙམ་ན་ཕྲན་ལ་སྐྱོན་འཛུགས་ཤིག་གནོངས་རོགས། །
༢༠༠༡༡ལོའི་སྤྱི་ཟླ་༡༡པའི་ཚེས་༡༧ཉིན་གྱི་དགོང་མོར།
རྩོམ་ཁུངས། ངེད་དྲ་བ།