དྲི་བ་དགུ་མདུད་མ།

སློབ་གསོ་ཟེར་ཞིང་མི་རིགས་ཞེས་པའི་ཁ་ཕོ་འབྲུག་སྟོང་གང་དུ་ལྡིར།།
རིག་གནས་གཙོ་ཞིང་ཤེས་ཡོན་དགོས་ཞེས་སྒམ་ཚུགས་ཆར་བ་གང་ལ་ཕབ།།
སློབ་མར་གཅེས་ཤིང་དུངས་པ་ཟབ་པའི་བྱམས་སེམས་མྱུ་གུ་གང་དུ་བཙུགས།།
ཚུལ་འཆོས་ཁོ་ནའི་འདམ་དུ་བྱིངས་པའི་འོས་འགན་སློབ་གསོ་འདི་ལགས་སམ།།
 
ཡོན་ཚད་གཙོ་ཞིང་རྒྱུ་སྤུས་གླེང་བའི་གཏམ་གྱི་གཏམ་གྱི་ནོར་བུ་གང་དུ་བོར།།
ཉིན་ཁ་མཚན་མཐུད་འབད་པས་སྐྱེལ་བའི་བརྩོན་པའི་རི་མོ་གང་ལ་བྲིས།།
བུ་ལ་གཅེས་ཤིང་མ་ལ་བྱམས་པའི་ལྷག་བསམ་མེ་ཏོག་གང་དུ་རྙིད།།
འགྲོ་ཐབས་ཁོ་ནའི་དབང་དུ་ཚུད་པའི་སློབ་གྲྭའི་སློབ་གསོ་འདི་ལགས་སམ།།
 
སློབ་གྲྭ་མཁོ་ཞིང་ཤེས་རིག་གཙོ་བའི་འདུན་པའི་རི་བོ་གང་དུ་ཉིལ།།
བུ་ལ་གཅེས་ཤིང་ཡོད་ཚད་གཏོང་བའི་གཏོང་ཕོད་འོད་སྣང་གང་ལ་འཕྲོས།།
རིག་པར་མོས་ཤིང་གལ་གནད་རྟོགས་པའི་མིག་རྒྱང་རྒྱ་མཚོ་གང་དུ་འཁྱིལ།།
གཉིད་མིན་སད་མིན་ངང་དུ་ལུས་པའི་ཁྱིམ་གྱི་སློབ་གསོ་འདི་ལགས་སམ།།
 
གུས་བཀུར་ལྡན་ཞིང་བརྩེ་ཞེན་ཟབ་པའི་ཆུ་མིག་དྭངས་མོ་གང་ལ་བཞུར།།
ཁྲེལ་གཞུང་ལྡན་ཞིང་ངོ་ཚ་ཤེས་པའི་རིན་ཆེན་རྒྱན་ཆ་གང་ལ་འཐོར།།
རྒྱུ་འབྲས་སྲུང་ཞིང་བདེན་ལུགས་སྐྱོང་བའི་ཚངས་པའི་ཐིག་རིས་གང་ལ་གཞའ།།
འཆལ་སྤྱོད་ཁོ་ནའི་དབྱིངས་སུ་འཐིམས་པའི་སྤྱི་ཚོགས་སློབ་གསོ་འདི་ལགས་སམ།།

བསམ་བློ་གཙོ་ཞིང་ཤེས་རིག་མཁོ་བའི་གཅེས་སེམས་ས་བོན་གང་དུ་གཏོར།།
དྲང་བདེན་རྩོད་ཅིང་གནས་ལུགས་བགྲངས་པའི་རྒྱུ་འབྲས་མྱུ་གུ་གང་དུ་འབུས།།
ཕྱོགས་ཞེན་བྲལ་ཅིང་ཀུན་ལ་ཕན་པའི་སྤྱི་སེམས་ཉི་མ་གང་དུ་བཞུད།།
གསོག་གསོབ་བཅོས་མའི་དབང་དུ་འདུར་བའི་སློབ་གཙོའི་སྐྱོང་སྟངས་འདི་ལགས་སམ།།
 
རླབས་ཆེན་འབོད་ཅིང་བྱ་གཞག་ལྕི་བའི་རིན་ཆེན་ཁུར་བོ་གང་དུ་ཕོག།
ལྷག་བསམ་ཁུར་ཅིང་གཅེས་སེམས་མངའ་བའི་བྱམས་བརྩེ་འོ་མ་གང་ལ་ཕོ།།
དད་བརྩོན་ལྡན་ཞིང་གྲུབ་འབྲས་མོད་པའི་ཤེས་བྱའི་མིག་ཟུང་གང་ལ་ཐོགས།།
ཕོགས་དང་འགྲོ་ཐབས་ཁོ་ནར་རེ་བའི་རྒན་གྱི་བྱེད་སྟངས་འདི་ལགས་སམ།།
 
རྣམ་རིག་སད་ཅིང་བློ་རིག་བཀྲ་བའི་རིག་པའི་གློག་ཞགས་གང་ལ་འཁྱུག།
ཤེས་བྱར་དུངས་ཤིང་བསླབ་ལ་འབད་པའི་བརྩོན་འགྲུས་ཆུ་བོ་གང་དུ་བཞུར།།
ཆེ་ལ་བཀུར་ཞིང་ཆུང་ལ་བརྩེ་བའི་སྲོལ་བཟང་འཇའ་འོད་གང་ལ་འཐིམས།།
སྒྱིད་ལུག་ལེ་ལོའི་ངང་དུ་འདའ་བའི་རང་ཡུལ་སློབ་མ་འདི་ལགས་སམ།།
 
སྒེར་ཚུགས་སྲུང་ཞིང་ལངས་ཕྱོགས་བརྟན་པའི་འགྱུར་མེད་ཕ་བོང་གང་དུ་འགྱེལ།།
ཀུན་ལ་མཐུན་ཞིང་ཡོངས་ལ་ཕན་པའི་སྤྱི་སེམས་མཚོ་མོ་གང་དུ་འཁྱིལ།།
ཆོས་ལ་གུས་ཤིང་དགེ་ལ་དད་པའི་དག་སྣང་རླུང་བུ་གང་ལ་ལྡང་།།
ཡོད་མེད་མཚམས་ན་ཟད་ཅིང་འཛད་པའི་རང་རེའི་ཡུལ་མི་འདི་ལགས་སམ།།
 
རྒྱང་རིང་བསྙེགས་ཤིང་ཕུགས་བསམ་ཡངས་པའི་སྤྱན་ཟུང་མདའ་མོ་གང་དུ་འཕངས།།
འདི་ཕྱི་མཁྱེན་ཅིང་མཐའ་དབུས་བྲལ་བའི་ཐུགས་དགོངས་ནམ་མཁའ་གང་ལ་ལྷུང་།།
བདེན་ལུགས་དཔྱོད་ཅིང་མངོན་སུམ་བདར་བའི་ལག་ལེན་རལ་གྲི་གང་ལ་བསྐྱུར།།
ནམ་ཡང་མིག་ཟུང་རྒྱང་ལ་གཏད་པའི་རང་ཡུལ་ཤེས་ལྡན་འདི་ལགས་སམ།།
ཟུར་མཆན།རང་ཉིད་སློབ་མཐར་ཕྱིན་ནས་བགྲང་བྱ་བཅུ་ཕྲག་ལྷག་འདས་ཟིན་ནའང་རང་ཡུལ་གྱི་ལུང་བའི་སློབ་གསོས་ད་ལྟའི་བར་སློབ་གྲྭ་ཆེན་མོའི་སྒོ་ཐེམ་ལ་སློབ་མ་གཅིག་ཀྱང་བསྐྱལ་མ་ཐུབ་པའི་སྣང་ཚུལ་སྐྱོ་བོ་མཐོང་རྗེས་སེམས་ཕམ་བཞིན་དུ།
             ༢༠༡༡ལོའི་ཟླ་༡༡ཚེས་༡ལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲི་བ་དགུ་མདུད་མ།

2011-11-23 རྔོག་རུ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།