བསྟོད་པ་ཉེར་བརྒྱད་མ།
ཨོཾ་བདག་གི་མ།
བརྩེ་བའི་ཡུམ་ཆེན་ལ་ཕྱག་འཚལ་ལོ།།
ཞལ་ནི་ཟླ་བའི་འོད་ལ་འཁུ་བའི།།
དཀར་ལ་འཇམ་པའི་མདངས་ཀྱིས་བྱུགས་མ།།
ལང་ཚོའི་འཇོ་སྒེག་ཡིད་དུ་འོང་བའི།།
ཕྱག་འཚལ་སྒྲོལ་མའི་མཛེས་སྡུག་འཛིན་མ།།
རྩུབ་མོའི་ཆ་ཤས་ཀུན་ནས་བྲལ་བའི།།
གསུང་གི་བསླབ་བྱས་ཡིད་དབང་འགུག་མ།།
མ་ནོར་ལམ་བཟང་ལེགས་པར་སྟོན་པའི།།
ཕྱག་འཚལ་སྒྲོལ་མའི་གསུང་གི་ཆ་མ།།
བྱམས་པའི་ལམ་ལ་ལེགས་པར་གོམས་པའི།།
བརྩེ་བའི་སྙིང་རྗེའི་གཏེར་གྱི་ཕྱུག་མ།།
འཚེ་བའི་སེམས་རྒྱུད་ཀུན་ནས་སྤངས་པའི།།
ཕྱག་འཚལ་སྒྲོལ་མའི་ཐུགས་དང་འདྲ་མ།།
ཕྱག་དང་སྐོར་བའི་ལས་ལ་བརྩོན་ཞིང་།།
བཀོད་པའི་མཆོད་པ་མཛེས་པར་བཤམས་མ།།
རྗེས་སུ་ཡི་རང་དགེ་ལ་སྤྲོ་བའི།།
ཕྱག་འཚལ་སྒྲོལ་མའི་བསྟོད་པ་འདོན་མ།།
གཞོན་ལ་བྱམས་དང་རྒན་ལ་བཀུར་བའི།།
ཀུན་གྱིས་བསྟོད་པའི་གྲས་སུ་འཇོག་མ།།
མཛངས་མའི་མཛེས་ཆ་མ་ལུས་རྫོགས་པའི།།
ཕྱག་འཚལ་སྒྲོལ་མའི་རྗེས་སུ་འཛིན་མ།།
འབྲི་མོ་བཞོས་ཤིང་འབྲུ་མར་བླངས་པའི།།
འབྲོག་མོ་དཀྱིས་མའི་ལས་དབང་སྲུང་མ།།
སྐྱེ་བ་དམན་ལ་རྟོག་པ་མཐོ་བའི།།
ཕྱག་འཚལ་སྒྲོལ་མ་ཐེངས་གཅིག་བྱོན་མ།།
བོད་མོ་དག་མའི་ཆ་བྱད་འཛོམས་པའི།།
བཟང་མོའི་ཡོན་ཏན་མ་ལུས་ཚང་མ།།
བདག་གི་དད་པའི་དབྱིངས་ན་བཞུགས་པའི།།
ཕྱག་འཚལ་སྒྲོལ་མར་གཉིས་སུ་མེད་དོ།།
རྩོམ་ཁུངས། ངེད་དྲ་བ།