ཤ་ཟོས་ན་འདི་འདྲ་རེད།
འགྲོ་བའི་སྡུག་བསྔལ་བརྗོད་ནས་མི་ཚར་གྲངས་སུ་གཞལ་བ་ག་ལ་ཡོད། །
སྡིག་པའི་ལས་དེ་ཕྱག་གིས་མ་ཟིན་བསྐྱུར་ནས་ཟད་པའི་དཔེ་མི་སྲིད། །
མ་བསགས་ལས་ཞིག་འདི་ཡིན་མེད་པར་མི་ཚེ་སྡིག་གི་མཚོ་མོ་རེད། །
ཁྱད་པར་སྡིག་སྤྱོད་གོང་ན་མེད་པའི་སྲོག་གཅོད་ལས་འདི་ཚབ་ཆེན་ནོ། །
བྱིས་དུས་རྨོངས་པའི་བྱ་སྤྱོད་ངེས་མེད་འབུ་སྦྲང་རྩེད་ཆས་བྱས་ནས་བསད། །
ངན་སྤྱོད་སྣ་དགུའི་ཁ་ལག་བར་ནས་རང་ཚོད་སྡིག་པ་གསོགས་ནས་འོང་། །
དར་བབ་མི་ཚེའི་གཡེང་མ་ལམ་གྱི་འཚོ་བའི་ཁ་ཕྱེད་སྡིག་ཟས་ཡིན། །
གཞན་གྱི་ཚེ་སྲོག་རྩེད་བྱད་བྱས་དེ་སྡུག་བསྔལ་ཡོད་པའི་སྣང་བ་དཀོན། །
རང་ལུས་དྲོན་མོ་འཁྱག་འདར་བརྒྱབ་ཀྱང་བླ་མའི་བྱིན་རླབས་མྱུར་དགོས་ཟེར། །
གཞན་གྱི་གཅེས་སྲོག་ས་ལ་བསྒོར་ནས་མི་དང་དུད་འགྲོའི་ཁྱད་པར་ཟེར། །
ཤ་ཁྲག་དྲོན་མོའི་མཆོད་པ་བཤམ་པའི་མི་ཁྱིམ་འདི་ཡང་འདྲེ་ཚང་ཞིག །
རང་ལས་དམན་པའི་སྒོ་ཕྱུགས་ཉམ་ཆུང་གཅིག་ཟོས་གཉིས་འཆའ་བྱས་ནས་ཟད། །
ཞུབ་དུ་མི་ཁེད་ཕྱོགས་ཙམ་རྩིས་དང་སེམས་ཅན་དུ་ཡི་ཤ་ཁྲོག་ཟོས། །
འདི་ཚོའི་རྗེས་ན་རབ་མདའ་ཡོད་ན་ཁྱོད་ཀྱི་ཁྲིམས་ཆད་ཅི་ལྟར་ནུས། །
ཁྱོད་ལ་ཚེ་སྲོག་ཅི་ལྟར་ཕང་བ་གཞན་ལ་དེ་ལྟར་གཅིག་མཚུངས་རེད། །
ཁྱོད་ལ་གཞན་པ་ཁ་ཟས་ཆོག་པའི་བདེན་དཔང་ཅི་ཞིག་འདྲེན་རྒྱུ་ཡོད། །
ངོ་མ་བསམ་ན་མི་འདིའི་ཡན་ན་སྲོག་ཆགས་སྡུག་པོ་མེད་ཚོད་རེད། །
དྲིན་གྱིས་བསྐྱངས་བའི་སྒོ་ཟོག་ཉམ་ཆུང་མཐའ་མ་བཙན་དམན་བྱས་ནས་ཟོས། །
ད་དུང་ལ་ལས་ཡ་མཚན་བརྩིས་ནས་གསོན་ཟ་བྱས་སོགས་ཧ་ཅང་སྐྲག །
ལས་འབྲས་བསླུ་མེད་རྒྱབ་ན་ཡོད་པས་ཁྱོད་ཚོར་སྐྱིད་པོ་ག་ལ་ཡོད། །
ལས་འབྲས་མི་བརྩི་རང་སྣང་མཐོ་བས་སྐུ་ལོ་ཚོན་པོ་ཤ་འཆན་ཚོ། །
ཉམ་ཆུང་དུད་འགྲོའི་རྣམ་ཤེས་མང་པོས་ཁྱོད་རང་གང་ན་བསྒུག་ནས་ཡོད། །
ཤ་ལན་ཁྲག་ལན་གྲངས་ལ་འཇལ་དུས་ཁྱོད་ལ་སྐྱིད་ཞིག་ཡོད་ངེས་རེད། །
སྤྲོ་བཞིན་ཟོས་པ་ངུ་བཞིན་འཇལ་དགོས་འདི་ནི་ལས་འབྲས་དྲང་ཐིག་རེད། །
མི་ཡུལ་སྐྱིད་པའི་ཞིང་ཁམས་འདི་ན་བཀྲེས་སྐོམ་དཀའ་སྡུག་ཁྱོན་ནས་མེད། །
དཀར་ཟས་འཚོ་བའི་བཅུད་བཟང་དེ་ཡང་ལུས་ཁམས་བདེ་བས་སྨན་དུ་གྲུབ། །
སྡིག་འབྲས་ནག་པོ་གསོགས་པ་མིན་ན་ཤ་ཁྲག་རོལ་བའི་དགོས་པ་ཆུང་། །
ག་ལེར་སོམས་དང་འདི་སྐྱིད་ཕྱི་སྐྱིད་དཀར་ཟས་ལོངས་སྤྱོད་བདེ་བའི་མཆོག །
མི་སྒེར་རེ་ནས་གདོང་འབགས་མི་བཤུ་རྩ་བའི་གནད་པོ་འཁྱོངས་མིན་བསམ། །
དམ་པའི་གསུང་ལ་ཡང་ཡང་གཞིག་དང་བདེན་པའི་འོད་སྟོང་དེ་ན་ཕྲོས། །
ངན་པའི་རང་མཚངས་བལྟན་པ་ཡིན་ལ་གྲོགས་ལ་བལྟན་པའི་བརྡ་ཡང་ཡིན། །
ང་ཚོ་འདི་ལྟར་སྔོན་ནས་གོམས་ཡོད་ད་དུང་མཚམས་ཞིག་ཟིན་ཚོད་མེད། །
༢༠༡༡ ༡༠ ༣༠ ལ་བྲིས་པ་དགེ་བར་གྱུར་ཅིག །
རྩོམ་ཁུངས། ངེད་དྲ་བ།