བརྩེ་བ་རིན་ཆེན་འདི་ལྟར་ཡོད་ན།
ལུས་སེམས་གསེར་དངུལ་བསྡེབས་པ་འདྲ་བའི།།
རིན་ཆེན་སྲོག་གི་བརྩེ་བ་འདི་ལ།།
ཡིད་བརྟོན་ཡོད་པའི་དབང་དུ་བཏང་ན།།
གཉོར་དགོས་བྱུང་བའི་གསེར་བུམ་ཞིག་རེད།།
བརྩེ་བའི་མིག་ཆུ་ཁྲོམ་ཁྲོམ་འདོན་མཁན།།
དུངས་པའི་སེམས་གཏམ་རྒྱུན་མུར་གནང་རོགས།།
ས་མཐའི་ཡུལ་གྱི་མགྲོན་པོ་ང་ལ།།
བདེན་པའི་ལམ་བུ་ཡངས་པའི་སྐྱབས་འཇུག།
སྣང་བ་དོག་མོ་ཨུ་ཁུང་བཞིན་དུ།།
ཆུང་ཡང་དྲགས་ན་མི་འགྲིག་སྙམ་བྱུང་།།
གལ་ཏེ་ཞིབ་མོར་རྩིས་ལ་བབས་ན།།
གསང་བ་འཆོར་བའི་ཉེན་ཁ་འདུག་གོ།
འབྱུང་བཞིའི་འཁྲུགས་པ་སྔར་ལས་རྒོད་ན།།
ལུས་ཀྱི་གཟི་མདངས་དེ་བས་ཉམས་འགྲོ།།
རང་སྣང་འགགས་པའི་གཤེད་དུ་བཞེངས་པ།།
འཇིགས་མཛད་རྡོ་རྗེ་གུར་ནས་བཞུགས་ཤིག།
མི་འགྲུབ་སྨོན་པའི་དར་གྱི་སྣེ་མོ།།
རིང་བའི་ས་ནས་ཐང་ལ་དྲུད་འདུག།
རྒྱ་ཆེན་སེམས་ཀྱི་ལོངས་སྤྱོད་ཅིག་གིས།།
སྲོག་དབུགས་ཕྲ་མོར་གྲོགས་ཤིག་བྱས་ཡོད།།
བདེ་ཆེན་ཡེ་ཤེས་ཀློང་ནས་གནང་བའི།།
བླ་སྲོག་གསེར་དངུལ་སྲང་གྲངས་སོ་བཞིས།།
བདག་གི་གསང་བ་བརྐུ་ཉེན་ཆེ་བས།།
ཨ་མའི་བུ་རྒོད་རང་དགར་མི་འདུག།
ཐོབ་ཤོར་མེ་ལོང་ནང་གི་གཟུགས་རིས།།
འཛིན་ན་སྙམ་པའི་བྱིས་བློའི་ཚོར་བ།།
འཇའ་རིས་བཞིན་དུ་དབྱིངས་སུ་ཡལ་དུས།།
འཐོབ་རྒྱུ་མེད་པ་ལས་སྐལ་ཞིག་རེད།།
བརྩེ་བའི་མེ་ཏོག་སྙིང་ལ་བཏབ་ནས།།
རེ་འབྲས་སྙིང་བོ་ལེན་ཁོམ་མེད་ཀྱང་།།
བརྩེ་བ་རིན་ཆེན་འདི་ལྟར་ཡོད་ན།
རེ་སྒུག་མི་ཚེ་གཅིག་ལ་ལོས་བྱེད།།
༢༠༡༡ ༡༠ ༣༠ཞོགས་པར།
རྩོམ་ཁུངས། ངེད་དྲ་བ།