འབེལ་གཏམ་ངོ་མཚར་དགའ་སྐྱེད།
རང་རིགས་ཀྱི་ལས་དོན་བསྒྲུབ་པའི་སྐལ་བ་ལྡན་བཞིན་དུ་ལྷོད་གཡེང་ཁོ་ནས་དུས་འདའ་བའི་ལེ་ལོ་ཅན་གྱི་སློབ་མ་སྐོར་ཞིག་ལ་ཕུལ་བ།
སྔོ་བསངས་ཀུན་གསལ་སྒེག་མོའི་ཐུ་འོག་ན །
སྔོ་ལྗང་དར་གྱིས་བརྒྱན་པའི་སྤང་སྟེང་ན །
སྔོ་ནག་ལྟེམས་མེར་འཁྱིལ་བའི་མཚོ་མོ་ཞིག །
སྔོ་དྲེགས་རྩི་ཤིང་ཚལ་གྱིས་མཛེས་པར་བརྒྱན །
ཁོ་ར་ཁོར་ཡུག་ལྗོན་ཤིང་སྐྱེད་མོས་ཚལ །
དཔག་བསམ་ལྗོན་པའི་མཚར་སྡུག་བཀྲག་མདངས་འཛིན །
རྣམ་མང་བྱ་དང་བྱེའུའི་ཀྱུར་ཀྱུར་སྒྲས །
དྲི་ཟའི་ཞིང་ཁམས་མངོན་སུམ་ལྷུན་གྱིས་གྲུབ །
དེ་ལྟའི་རྨད་བྱུང་ཉམས་དགའི་གནས་ཤིག་ན །
ན་ཚོད་གཞོན་པའི་ལོ་ཆུང་བུ་མོ་ཞིག །
གཉིད་དང་རྨུགས་པའི་འདམ་དུ་བྱིང་ཞིང་འཐིམས །
རྒོད་དང་འགྱོད་པའི་དུག་གིས་མྱོས་ཤིང་སྨྱོས །
རིག་པའི་རྟ་ཕོ་རྒྱང་དུ་གྱེས་ཤིང་བྱེར །
དགེ་བའི་མྱུ་གུ་སད་ཀྱིས་བཅོམས་ཤིང་བརླགས །
ཕྱི་ཡི་གཟུགས་པོ་མཛེས་པ་ལྷ་ཁང་ཉིད །
ནང་གི་སེམས་ལྗོངས་སྐྱུག་བྲོ་རྩྭ་ཁང་དངོས །
མི་ལུས་ཐོབ་ཀྱང་ཤེས་རབ་རྩལ་གྱིས་ཕོངས །
ན་ཚོད་གཞོན་ཡང་སྐྱེས་པའི་སྟོབས་ཀྱིས་དབེན །
ཆགས་པའི་ཚེ་ན་བྱ་ཡང་དོ་ཟླ་མིན །
ཁྲོས་པའི་ཚེ་ན་སྦྲུལ་ཡང་དོ་ཟླ་མིན །
གཉིད་ན་འདབ་ཆགས་བྱ་ཡང་ངོ་ཚ་གཏོད །
གཡེང་ན་དྲི་བཞོན་རླུང་ཡང་སྐྱེངས་པར་བྱེད །
དེ་ལྟའི་ཁྱད་པར་ཅན་གྱི་བུ་མོ་ཞིག །
མ་རུང་མཚོ་མོའི་ཁ་ན་ངང་གིས་རྩེན །
སྤྲིན་གྱི་འདབ་མ་མཐོངས་ནས་ཕྱོགས་སུ་འཕུར །
ཁྲི་གདུགས་ཉི་མ་དགུང་ན་འོད་དུ་འཚེར །
རླུང་ཁ་འཇམ་ལ་བསེར་ཁ་དལ་བའི་དུས །
རྡུལ་སྨུག་དྭངས་ལ་དབུགས་རླུང་གཙང་བའི་དུས །
ཁ་དཀར་རྐྱང་ལ་བཅིབས་པའི་སྨྲ་ར་ཅན །
གསོམ་དཀར་ཤིང་ལ་འཁེན་པའི་འཁར་བ་མཁན །
རབ་དཀར་འོ་མས་སྙིང་ཁྲག་བྱས་སམ་ཅི །
གངས་དཀར་འདབ་མས་ཤ་ཁྲག་བརྩིགས་སམ་ཅི །
གཡང་དཀར་ཚ་རུས་པགས་པ་བྱས་སམ་ཅི །
སྤྲིན་དཀར་སློག་པས་མནའ་བཟའ་བཟོས་སམ་ཅི །
རྟ་དཀར་རྔོག་ལོ་འདྲ་བའི་སྐྲ་འདི་ཅི །
ཁྱུང་དཀར་མཛོ་མོ་ལྟ་བུའི་མིག་འདི་ཅི །
ཚངས་པ་དཀར་བོ་འདྲ་བའི་གདོང་འདི་ཅི །
དུང་སྐྱོང་དཀར་མོ་ལྟ་བུའི་ལུས་འདི་ཅི །
མཐོང་བ་ཙམ་གྱིས་མིག་དབང་ཀུན་ནས་འཕྲོག །
དྲན་པ་ཙམ་གྱིས་ཡིད་དབང་རབ་ཏུ་མགུ །
ལོང་བ་ཡིས་ཀྱང་ཡང་ཡང་ལྟ་ཉམས་བྱེད །
ལྐུགས་པ་བས་ཀྱང་བསྟོད་པ་འཐེན་པར་རྩོམ །
དེ་ལྟའི་དྲང་སྲོང་ཀུན་གྱི་ཡབ་གཅིག་རྗེའི །
མཚན་དང་དཔེ་བྱད་གསལ་རྫོགས་རྒན་པོ་ཞིག །
བུ་མོའི་གམ་དུ་བཅར་ནས་འདི་སྐར་ཟེར །
སྐྱ་རེངས་ལྷ་མོའི་མཐུ་ཡིས་མ་དྭངས་པའི །
བུ་མོའི་སེམས་ཀྱི་མཁའ་དབུགས་བཙོག་པ་ལ །
ཁྲི་གདུགས་ཉི་མའི་འོད་ཀྱིས་མ་སངས་པའི །
བུ་མོའི་ཡིད་ཀྱི་མུན་པ་མཐུག་པ་ལ །
ད་ལྟ་ཕྱི་དྲོའི་ཐུན་མཚམས་གསུམ་པ་ལ །
འདབ་ཆགས་ཚོགས་ཀྱིས་རྒུམ་བུ་འཐུ་ཞིང་འཐུ །
སྡེར་ཆགས་དག་གིས་རི་དྭགས་རྔོན་ཞིང་རྔོན །
ཡོད་ཚད་སྐབས་ཀྱི་ལས་ལ་བྲེལ་ཞིང་བྲེལ །
བུ་མོ་ད་དུང་གཉིད་ལ་མཚར་ཞིང་མཚར །
ཅེས་པའི་གཏམ་གྱིས་བུ་མོ་གཉིད་ལས་བསླངས །
ཁྲོ་དང་ཞེ་སྡང་འདྲེས་མའི་མེ་རུ་འཕྱུར །
རྒྱགས་དང་ང་རྒྱལ་སྦྲགས་མའི་ས་ཡོམ་གཡོས །
འཁོན་དང་འཚིག་པ་སྟོང་གི་དྲག་རླུང་ལྡང་ །
གཡོ་དང་སྒྱུ་མ་འབུམ་གྱི་ཆུ་ལོག་རྒྱུགས །
ལག་པ་ཟུང་གིས་སྐེད་པར་སྐམ་པས་འཛིན །
མགོ་བོ་ལྟག་ཀར་སྣར་ཏེ་ཁོང་ཁྲོ་ཡིས །
མ་རུང་རྒས་འཁོགས་རྒན་པོ་མར་ལ་སྡོད །
འདུག་ཤེས་བྱས་ན་རང་ལ་སྐྱིད་ཅིག་ཡོང་ །
འགྲོ་ཤེས་བྱས་ན་རྐང་ལ་བདེ་ཞིག་ཡོང་ །
འདུག་ཤེས་མ་བྱས་སེམས་ལ་སྡུག་ཅིག་ཡོང་ །
འགྲོ་ཤེས་མ་བྱས་རྐང་ལ་གཟེར་ཞིག་ཡོང་ །
ཨ་རོགས་ཨ་མཚར་ཉུང་ན་ཨོ་ལོར་ཕན །
ཁ་རོགས་ཁ་བཤད་ཉུང་ན་ཁམས་བདེ་ཡོང་ །
གར་ཡོང་མ་ཤེས་རྒན་པོ་མགོ་སྟོང་ཁྱོད །
གར་སོང་ཆ་མེད་མྱུར་དུ་ཐོངས་ཤིག་ཝེ །
ཟེར་ཞིང་ཁྲོ་བའི་མིག་གིས་འབུར་ཚུགས་ལྟ །
རྒན་པོའི་བརྗིད་པའི་སྐུ་གཟུགས་ལྷུན་པོ་ལས །
ཚངས་དབྱངས་སྙན་པའི་གཏམ་ཚིག་འདི་འདྲ་བྱུང་ །
སྣོད་དུ་ཕྱིན་ཡང་དུག་ཆུའི་དྲི་མས་སྦགས །
སྣོད་དུ་ཕྱིན་ཡང་ཁ་ལོ་ཡོངས་སུ་མདུད །
སྣོད་དུ་ཕྱིན་ཡང་ཞབས་རྡོལ་ཐལ་བའི་དོང་ །
གསེར་བྱེ་བྱུགས་དང་བླུགས་ཀྱང་ཕན་མི་འགྱུར །
ཡིན་ཡང་མུན་པའི་ནང་གི་འོད་སྣང་ནི །
ཆུ་བུར་མིག་ལ་ཆེས་ཆེར་གསལ་བ་དང་ །
སྡུག་བསྔལ་མི་བཟད་ཁྲོད་ཀྱི་བདེ་བ་ནི །
སོར་སྐྱེས་སེམས་ཀྱི་ཆེས་ཆེའི་བདེ་བ་བཞིན །
ཁྱོད་ལ་རེབ་གཅིག་བཤད་དེ་ཉོན་ཅིག་གུ །
ང་ནི་གང་ནས་ཡོང་ཡོང་ཤེས་མ་ཤེས །
ང་ནི་གང་ནས་ཡོང་བ་མ་ཤེས་ན །
ང་ནི་ཡོང་ཡོང་རྒྱ་གར་ཤར་ནས་ཡོང་ །
རྒྱ་གར་ཡུལ་དུ་བསྟན་པ་སྤེལ་ནས་ཡོང་ །
བསྟན་པའི་སྲོག་ཤིང་འདུལ་ཁྲིམས་བཙུགས་ནས་ཡོང་ །
བསྟན་པའི་གཞི་མ་དགེ་འདུན་བསྐྱངས་ནས་ཡོང་ །
བསྟན་པའི་ཉི་མ་སྣང་གསལ་འོད་པོ་ཆེ །
རྒྱ་གར་འཕགས་པའི་མཁའ་ལམ་ཡངས་པོར་དྲངས །
བྱམས་དང་སྙིང་རྗེའི་སྲོག་ཤིང་ཉི་མའི་གཉེན །
ཀུན་གྱི་ཀུན་བཟོད་སེམས་ན་ལྷུག་པོར་དགོད །
ང་ནི་གང་དུ་འགྲོ་འགྲོ་ཤེས་མ་ཤེས །
ང་ནི་གང་དུ་འགྲོ་བ་མ་ཤེས་ན །
ང་ནི་འགྲོ་འགྲོ་བོད་ཡུལ་ཕྱོགས་སུ་འགྲོ །
བོད་ཡུལ་རྩེ་དགུའི་མུན་པ་བསལ་ནས་འགྲོ །
མུན་པའི་མགོ་བོ་རྩ་ནས་བྲེགས་ཏེ་འགྲོ །
མུན་པའི་ལུས་པོ་རྨང་ནས་བསྙིལ་ཏེ་འགྲོ །
ཆུ་ཐིགས་གཅིག་ལས་གཟུགས་བརྙན་འཆར་དཀའ་ལ །
ཉི་ཐིག་གཅིག་གིས་གངས་རི་མི་བཞུ་ལྟར །
ཁྱོད་ནི་ན་ཚོད་ཆུ་བུར་ཞན་པ་ཡིས །
ཟབ་པའི་གནད་ལ་གོ་བ་རེག་མ་གྱུར །
སྤྱིར་ན་མི་ཡུལ་འདི་ནི་འཇའ་ཚོན་ཞིག །
སྔོ་སེར་དཀར་དམར་ཁ་དོག་སྣ་ལྔས་གྲུབ །
དེ་ལས་གང་ཞིག་མཛེས་ལ་ཅི་ཞིག་བཙོག །
མི་རེའི་ཆུ་བུར་མིག་གི་འབྱེད་འཛུམ་དང་ །
ཕྲ་ཆུང་མིག་ཁ་འཁོར་བའི་ཟུར་གྱི་ཚད །
ཕྱི་རྐྱེན་ཉི་རྡུལ་ཟེགས་མའི་ཕོག་ཚད་དང་ །
རླུང་དང་བསེར་མའི་གོམ་ཁའི་མྱུར་བུལ་སོགས །
དུ་མ་སྤུངས་པའི་ཕུང་བོ་ལས་བྱུང་བས །
ངོ་བོ་མེད་ལ་རང་བཞིན་མི་དམིགས་པ །
སྒྱུ་མའི་བ་ལང་ལྟ་བུ་ཡིན་པར་བཤད །
ཡང་ནི་མི་ལུས་འདི་པོ་རིལ་མ་ཞིག །
རང་བྱུང་རྩྭ་ཆུ་གང་གི་ཚོ་སྟོབས་དང་ །
ནང་བཅུད་ཁོངས་ནས་བྲུས་པའི་སྦྱངས་པའི་སྟོབས །
རྒྱུ་རྐྱེན་ཉེར་ལེན་དཀའ་ཚེགས་ཆེ་བས་གྲུབ །
བལྟས་ན་བལྟས་མདོག་མེད་པའི་རིལ་མ་ཞིག །
ཕྱི་གཟུགས་མཛེས་པའི་རྒྱན་དུ་མ་གྱུར་ཀྱང་ །
སྒོང་ཚུལ་ཤེས་ན་འབར་སྟོབས་དྲག་ཏུ་ཆེ །
མི་ཚེ་དགུན་གཞུང་རིང་མོའི་སྡུག་བསྔལ་གྱི །
ལྷགས་རླུང་ཅི་ཡོད་བསད་ཅིང་དཀུམ་སྟེ་འགྲོ །
བཀོལ་ཚུལ་མ་ཤེས་མི་བཟད་སྐྱུག་བྲོའི་བྲུན །
ཡང་ཞིག་གསོན་དང་གཞོན་སྐྱེས་ལོ་ཆུང་མ །
ཉོན་དང་གསེར་ཆུའི་ཐིགས་པ་སེམས་ལ་འབབ །
མི་ཡུལ་སྒྱུ་མའི་ཞིང་ཁམས་ཡིན་ཀྱང་རུང་ །
མི་ལུས་མི་གཙང་ཁུག་སྣོད་ཟེར་ཡང་ཆོག །
དོན་གྱི་སྙིང་བོར་གྱུར་བའི་མར་ལོ་དངོས །
ཡུན་ཐུང་མི་ཚེ་སྐྱ་མོའི་ལོ་ཟླའི་ནང་ །
ཤེས་བྱའི་གནས་ལ་དཔྱོད་པའི་མིག་ཅིག་དགོས །
རྒྱང་རིང་གནས་ལ་དམིགས་པའི་བློ་ཞིག་དགོས །
བྱ་བའི་གནས་ལ་བརྩོན་པའི་སེམས་ཤིག་དགོས །
བདེན་པ་བདར་ལ་སྔོན་མེད་དཔའ་ཞིག་དགོས །
དྲང་བདེན་སྐྱོང་ལ་སྟག་གི་སྙིང་ཞིག་དགོས །
ཞིབ་ཕྲ་གཅོད་ལ་འབྲོང་གི་རྭ་ཞིག་དགོས །
དོན་སྒྲུབ་མྱུར་ལ་རྐྱང་གི་བང་ཞིག་དགོས །
ཟེར་བཞིན་བཀའ་ལུང་སྣ་ཚོགས་གངས་སུལ་གྱི །
རོ་མཆོག་དྭངས་གསལ་ཆུ་མོའི་རྒྱུན་བཞིན་འབབ །
རྒན་པོའི་སྨྲ་རའི་ཤམ་བུ་ཐུར་དཔྱངས་དེ །
གོམ་ལག་བསྒྱུར་བའི་ཁ་ཡི་འགྲོས་དང་བསྟུན །
མི་སྡོད་དུས་ཀྱི་སྤང་ན་མཉམ་ལྡིང་བྱེད །
དེ་ཡང་རྨད་དུ་བྱུང་ལ་མཚར་བའི་རྒྱུ །
ན་ཆུང་བུ་མོའི་བཞིན་གྱི་དཀྱིལ་འཁོར་ཏེ །
སྟོན་ཟླ་བརྒྱད་པའི་དུས་ཀྱི་མཚན་མོ་ཉིད །
དེ་སྔའི་གཡོ་སྒྱུའི་སྤྲིན་ཕུང་རབ་ཏུ་ཞི །
ལྷོད་བག་འཛིན་པའི་བཞིན་གྱི་ནམ་མཁའ་ཡངས །
དེ་སྔའི་ཁོང་ཁྲོའི་མེ་རླབས་ཀུན་ནས་ཡལ །
ག་བུར་འཛག་པའི་ཟླ་བའི་མིག་ཟུང་ལྷོད །
དེ་སྔའི་སྦྲིད་ཅིང་བསྒྲིམས་པའི་ང་རྒྱལ་ལུས །
བསེར་བུས་སྐྱོམས་པའི་མཚོ་ལྟར་ལྷོད་ཤིག་ཤིག །
བ་སྤུའི་རྩེ་ན་དད་པའི་མགོ་བོ་ལྡེམ །
སེམས་པའི་གཏིང་ན་དགའ་བའི་རླབས་ཕྲེང་འཕྱོ །
མིག་གི་ནང་ན་གུས་པའི་བཀྲག་མདངས་འཕྱུར །
ལུས་ཀྱི་ཕྱི་ན་མོས་བའི་གཟི་མདངས་རྒྱས །
རྒན་པོས་མུ་མཐུད་གཏམ་གྱི་དགའ་སྟོད་འགྱེད །
ཁྱོད་ནི་བག་གཡེང་རྩེན་པའི་ན་ཆུང་ཞིག །
ཉོན་མོངས་དུག་ལྔས་སེམས་རྒྱུད་འཇོལ་ཞིང་ཉོག །
མ་རིག་མུན་པས་བློ་མིག་ལྡོངས་ཤིང་བསྒྲིབས །
འཁྲུལ་བ་མེད་པའི་ཤེས་རབ་སྤྱད་པ་ཉུང་ །
འགྱུར་བ་མེད་པའི་བསམ་གཏན་སྒོམ་པ་ཉུང་ །
རེ་དོགས་མེད་པའི་སྨོན་ལམ་བཏབ་པ་ཉུང་ །
ལེ་ལོ་མེད་པའི་བརྩོན་འགྲུས་བརྩམས་པ་ཉུང་ །
ཏག་ཏག་ད་ནི་སད་པའི་དུས་སྐབས་ཏེ །
ལོ་ན་གཞོན་པས་སད་པའི་རྒྱུ་མ་ཚང་ །
ལོ་ན་བགྲེས་པས་རྒྱུ་ཚོགས་ཟད་པར་གྱུར །
ཏག་ཏག་ད་ནི་སད་པའི་དུས་སྐབས་ཏེ །
ཉི་ཆར་འཛོམས་དུས་འཇའ་ཡི་མཐུན་རྐྱེན་ཚང་ །
ལོ་ན་རན་དུས་སད་པའི་རྟེན་འབྲེལ་འགྲིག །
བུ་མོ་མ་གཉིད་ཡར་ལ་ལོངས་ཏེ་ཤོག །
ལངས་པ་དོན་དང་ལྡན་པ་གྱིས་ཏེ་ཤོག །
དོན་ཀུན་ཕ་མཐར་སོན་པ་བྱོས་ཏེ་ཤོག །
སྲོལ་རྒྱུན་རྙིང་བའི་མཁར་ལ་སྒྱོགས་མདེལ་ཕོངས །
སྒེར་གཅོད་ཚེར་མའི་ལམ་ལ་གཤེན་གྲི་སྐོར །
ལོག་སྤྱོད་ལྷུན་པོའི་རྩེ་ལ་གནམ་ལྕགས་གཡུགས །
བག་འཁུམ་མཚན་མོའི་གླིང་ལ་ཉིན་བྱེད་དྲོངས །
ད་དུང་ཚུར་ལ་གསོན་དང་སྒེག་པ་མོ །
གློག་འགྱུ་རབ་གཅིག་ཡུན་ཐུང་མི་ཚེའི་ནང་ །
བརྗིད་ཉམས་ལྡན་པའི་དོན་ཆེན་ཞིག་བགྱིས་ཏེ །
གསེར་རི་ལྟ་བུའི་སྐྱེས་ཆེན་ཞིག་བྱེད་ན །
རང་དོན་ཁོ་ན་འཁྱོངས་པས་མ་ཡིན་ཏེ །
དོན་གཉིས་ལྷུན་གྱིས་གྲུབ་ན་སྐྱེས་ཆེན་ཉིད །
དོན་གཉིས་ལ་ཡང་རྣམ་གཞག་འདི་འདྲ་སྟེ །
རང་དོན་གྲུབ་ན་གཞན་དོན་ངང་གིས་འགྲུབ །
རང་དོན་མ་འགྲུབ་གཞན་དོན་ལྟ་ཅི་ཞིག །
རང་དོན་གྲུབ་པའི་སྟེང་ནས་གཞན་དོན་བགྱིས །
གཞན་དོན་རྨང་གཞིའི་སྟེང་ནས་རང་དོན་སྐྱོངས །
རང་དོན་མ་བོར་གཞན་དོན་བྱེད་པར་ནུས །
གཞན་དོན་མ་བསྐྱུར་རང་དོན་གཉེར་ན་མཚར །
ད་དུང་གསོན་དང་བཤད་རྒྱུ་འདི་འདྲ་ཡོད །
ད་ལྟ་བུ་མོ་ཁྱོད་ནི་དྲི་ཟ་ཡི །
སྐྱེད་མོས་ཚལ་ན་གནས་པའི་བུང་བ་ཞིག །
འཕུར་ལྡིང་མ་རྩེན་པད་མའི་སྦུབས་ན་ཡོད །
ཟེའུ་འབྲུ་མི་ལེན་གེ་སར་སྟེང་ན་གཉིད །
མཐུན་རྐྱེན་ཉི་གཞོན་མཁའ་རུ་འཛུམ་འཛུམ་ལ །
རང་རེའི་རྗེས་ལུས་ཆབ་རོམ་ཅིའི་མི་བཞུ །
ཕྱག་ཟུང་སེར་གས་ཁེངས་པའི་མ་འདི་སྐྱོ །
ངོ་གདོང་གཉེར་མས་ཁེབས་པའི་ཕ་འདི་སྡུག །
མིག་ཟུང་མཆི་མས་བརླན་པའི་གཉེན་འདི་སྐྱོ །
སྙིང་ཁོངས་རྨ་ཁས་ཁྱབ་པའི་རིགས་འདི་སྡུག །
རྗེས་ལུས་རྐང་ལམ་སྐྱ་བོ་གཏོར་བའི་ཐོག །
སྔོན་ཐོན་གཞུང་ལམ་བཏིང་ན་དགའ་བ་ལ །
རྗེས་ལུས་འཕྲོག་བྱེད་དགའ་བོ་ཚར་བཅད་སྟེང་ །
སྔོན་ཐོན་ས་པཎ་བཞུགས་ན་སྐྱིད་པ་ལ །
རྗེས་ལུས་རྗེས་ལུས་ཟེར་བ་སྟོབས་པོ་ཆེ །
གླང་ཆེན་སྨྱོན་པའི་ཤེད་ཀྱིས་དོ་ཟླ་མིན །
རྗེས་ལུས་རྗེས་ལུས་ཟེར་བ་རྩལ་པོ་ཆེ །
རྒྱ་སྟག་ངར་མའི་རྩལ་གྱིས་དོ་ཟླ་མིན །
གནའ་བོ་གདོད་མའི་དུས་ནས་དེང་གི་བར །
གནམ་འོག་འདི་ལ་ཕལ་ཆེར་དབང་གིས་བསྒྱུར །
འདི་ནི་མ་རིག་འདྲེ་སྲིན་ཆེན་པོ་སྟེ །
མཆེ་བ་མེད་ཀྱང་མི་རྣམས་ཟ་སྙིང་བྱེད །
ཁོག་པ་མེད་ཀྱང་ཁྲག་ནི་འཐུང་སྙིང་འདོད །
དུས་རབས་ཉི་ཤུའི་ལོ་རབས་སྟོད་ཀྱི་ཆར །
རིག་པའི་དཔའ་བོ་དགེ་ཆོས་བྱུང་སྟེ་ཐལ །
རྗེས་ལུས་སྒྲོག་གིས་བཅིངས་ཤིང་བཀྱིགས་ནས་ཐལ །
དུས་རབས་ཉི་ཤུའི་ལོ་རབས་དཀྱིལ་གྱི་ཆར །
རྩོམ་པའི་དེད་དཔོན་རང་གྲོལ་བྱུང་སྟེ་ཐལ །
རྗེས་ལུས་དུག་གིས་གྲོངས་ཤིང་བསད་ནས་ཐལ །
དྲུངས་ནས་འབྱིན་བྱའི་རྗེས་ལུས་བྱ་བ་འདི །
གཟུགས་ལྟར་ཕྲ་ཆུང་མིག་གིས་མཐོང་དུ་མེད །
སྒྲ་ལྟར་དར་ལུང་རྣ་བས་ཐོས་སུ་མེད །
རོ་ལྟར་རོ་འཛིན་ལྕེ་ཡིས་མྱོང་དུ་མེད །
རིགས་སྤྱིའི་རྗེས་ལུས་ཕུང་བོ་བསལ་ཚེ་ཡང་ །
ཁྲེས་པོ་ལྟར་དུ་རྡོག་རྡོག་བསྟན་དུ་མེད །
བྱེ་བྲག་སོ་སོའི་སྟེང་གི་རྗེས་ལུས་ཆ །
བསལ་ན་རིགས་སྤྱིའི་རྗེས་ལུས་བསལ་བ་ཉིད །
འོ་མའི་མཚོ་ལས་མར་གྱི་སྙིང་བོ་ནི །
སོ་སོའི་རྗེས་ལུས་བསལ་བ་ཡིན་པར་འདོད །
སོ་སོའི་དོན་ཡང་རང་ཉིད་ཁོ་ནའོ །
ད་ལྟའི་ཁྱོད་ལ་རྨོངས་པའི་བློ་ཞིག་ཡོད །
རྨོངས་པ་འདི་ནི་ཏག་ཏག་རྗེས་ལུས་ཆ །
རྗེས་ལུས་ཕྱོགས་ལ་མཁྲེགས་འཛིན་སེམས་ཤིག་ཡོད །
མཁྲེགས་འཛིན་འདི་ནི་ཏག་ཏག་རྙིང་བའི་སྟོབས །
རྙིང་བའི་ཤུགས་ན་འདའ་བའི་དོན་ཞིག་ཡོད །
འདའ་བ་འདི་ནི་ཏག་ཏག་སྐྱོན་དུ་ཟད །
ཏག་ཏག་ཡུལ་དུས་འགལ་བའི་སྐྱོན་དུ་ཟད །
དེ་བས་ཁྱོད་ཀྱིས་ཚན་རིག་གྲོགས་སུ་སྦྲོན །
ལག་རྩལ་གཉེན་དུ་བཀུར་ལ་རིག་གསར་དང་ །
ལྟ་གསར་ཆུང་མར་བསུ་ཞིང་སློབ་གསོའི་བུ །
ཤ་དར་ཁྲག་དར་ཞིག་ཏུ་བསྐྱེད་པར་བྱ །
བག་འཁུམ་བག་གཡེང་མག་ཆུང་ཕར་ལ་བསྐྱོལ །
རིན་ཐང་བག་ལའི་རིན་གོང་བསྐྱར་དུ་ཆོད །
གསར་བའི་ཆ་ལ་ཕན་པའི་ཡོན་ཏན་དང་ །
རྙིང་བའི་ཕྱོགས་ལ་ངན་པའི་སྐྱོན་མཆིས་པས
ཡོད་ཚད་བསམ་བློའི་མ་ཞང་བསྟེན་ཅིག་གུ །
ཟེར་ཞིང་ན་ཆུང་བུ་མོར་ལྟ་ཞིང་ལྟ །
ལྟ་ཞིང་དགའ་བའི་དགོད་འཛུམ་ཤོར་ཞིང་ཤོར །
ཤོར་ཞིང་ངལ་གསོའི་དབུགས་རླུང་ལྡང་ཞིང་ལྡང་ །
ལྡང་ཞིང་བདེ་བའི་སེམས་ཚོར་སྐྱེས་ཤིང་སྐྱེས །
དེ་ཚེ་བུ་མོའི་དུང་གི་སོ་སྒོ་ལས །
ཀ་ལ་པིང་ཀའི་གསུང་སྙན་འདི་འདྲ་ཐལ །
དང་བོར་བར་སྣང་སྤྲིན་གྱི་ཚོམ་བུ་ལས །
གནམ་སའི་གའུའི་ཁ་ཕྱེས་སྒྲ་དབྱངས་དང་ །
ཕྱི་ནས་མཆེད་པའི་བསྐལ་བ་འཇིག་པའི་སྒྲ །
ཆེ་ཆུང་སྒྲ་དབྱངས་སྣ་ཚོགས་བར་མེད་དུ །
རླབས་ཀྱི་རྭ་གཉེར་བཞིན་དུ་བྱུང་ན་ཡང་ །
ཡིད་ལ་འབབ་པའི་བུ་ཆུང་སྦྲུམ་མ་གྱུར །
ད་ཐེངས་སྐལ་བ་བཟང་བའི་བསོད་ནམས་དང་ །
ཚེ་སྔོན་ལས་ཀྱིས་བསགས་པའི་དགེ་བའི་མཐུས །
ཁྱེད་གསུང་དབྱར་སྐྱེས་རྔ་གསར་ཐོས་རྒྱུ་བྱུང་ །
ཐོས་ནས་དོན་གྱི་བུ་ཆུང་སྦྲུམ་རྒྱུ་བྱུང་ །
ཨེ་མ་ཁྱེད་སྐུ་མཇལ་ལ་དགའ་བ་ལ །
ཨ་ལ་ཁྱེད་གསུང་ཐོས་ལ་སྐྱིད་པ་ལ །
མཚར་རོ་མཚར་རོ་ཁྱེད་སྐུར་མཇལ་བ་མཚར །
སྤྲོ་འོ་སྤྲོ་འོ་ཁྱེད་གསུང་གོ་བས་སྤྲོ །
ཁྱེད་གསུང་རྫ་ཆུ་སྔོན་མོའི་བྱིན་ནུས་ཀྱིས །
སེམས་ཀྱིི་མི་གཙང་ལྗིན་ལྗིན་དག་རྒྱུ་བྱུང་ །
ཤེས་རབ་གྲི་ཁ་ཇེ་རྣོ་ཇེ་རྣོར་སོང་ །
གནས་ལུགས་སྙིང་བོར་ཇེ་ཉེ་ཇེ་ཉེར་སོང་ །
ད་ནི་ཁྱོན་ཡངས་ཤེས་བྱའི་རྒྱ་ཁྱོན་དེ །
བརྩོན་པའི་དཔུང་གིས་གཅོད་པའི་དཔའ་གདེང་རྙེད །
སྲོལ་རྒྱུན་རྙིང་བའི་ཐོག་གི་དགེ་སྐྱོན་དང་ །
དེང་རབས་གསར་བའི་སྟེང་གི་ལེགས་ཉེས་དེ །
རང་ཉིད་དངོས་ཀྱི་བསམ་བློའི་ཆེ་ཤེལ་གྱིས །
གསོ་ཤིག་བཞིན་དུ་འཚོལ་རྒྱུའི་ཆོད་སེམས་རྙེད །
ཞེས་པའི་ལན་དུ་རྒན་པོས་འདི་སྐད་སྨྲ །
ལེགས་སོ་ལེགས་སོ་རིགས་ཀྱི་བུ་མོ་ལེགས །
བུ་མོ་རྨོངས་པའི་མཚོ་ལས་གྲོལ་བ་ལེགས །
གྲོལ་ཞིང་རྟོགས་པ་མཁའ་ལས་ཡངས་པ་ལེགས །
ཤེས་རབ་ཁྲི་འཕང་དགུང་ལས་མཐོ་བ་ལེགས །
སྤྱང་གྲུང་ཁྱད་ནོར་རྨད་བྱུང་འཛོམས་པ་ལེགས །
འཇོན་ཐང་ནང་ནུས་ངོ་མཚར་ཆེ་བ་ལེགས །
ལེགས་ཏེ་ལེགས་ཏེ་ལེགས་པའི་བུ་མོ་ཁྱོད །
ཉེ་བའི་དུས་འདིར་སྐྱབས་མེད་སྦྲང་ཆུང་ཉིད །
རྨོངས་པས་ཕྱི་སྒོ་བཅད་པའི་དམ་སྟོང་དུ །
གཏི་མུག་འཕུར་ལྡིང་གར་གྱིས་ཡང་ཡང་རྩེན །
ཇི་ལྟར་འཕུར་ཞིང་གང་ལྟར་རྩེན་ན་ཡང་ །
དོན་འཁྱོངས་ཕྱི་ཡུལ་འགྲིམ་པའི་གླེགས་མ་མཆིས །
ཁྱོད་ནི་བསྟེན་བསྟེན་ཉོན་མོངས་བག་མར་བསྟེན །
མ་རིག་དྲེགས་ལྡན་གཞོན་ནུའི་ཆུང་མར་བསྟེན །
ཁྱོད་ནི་བསྟེན་བསྟེན་ཉོན་མོངས་བག་མར་བསྟེན །
གཏི་མུག་རྒས་འཁོགས་རྒན་པོའི་མནའ་མར་བསྟེན །
དེ་ཡང་ཉོན་མོངས་ལུས་ཀྱི་རྩ་དབུ་མར །
རྩ་ཕྲན་བརྒྱད་ཁྲི་བཞི་སྟོང་དག་ཏུ་བཤད །
དེ་ལས་སྤྱི་དཔོན་ལྟ་བུའི་གཙོ་ཁྲིད་དང་ །
འགོ་གཙོ་ལྟ་བུའི་ནུས་ལྡན་རྩ་ཆེན་གསུམ །
འདོད་ཆགས་ཞེ་སྡང་གཏི་མུག་རྣམས་སུ་གྲགས །
འདི་དག་ཞབས་བརྡོལ་སྣོད་ཀྱི་རང་བཞིན་ཏེ །
ལུང་བའི་ཕུ་དང་ནམ་མཁའི་མཐའ་ལྟར་དུ །
ནམ་ཡང་བཀང་དུ་ཡོད་པའི་སྐབས་མ་མཆིས །
འདི་ལ་བཟློག་པ་ཙམ་གྱིས་བཟློག་ཏུ་མེད །
བྱད་སྟེམས་ངན་སྔགས་ཙམ་གྱིས་གནོད་དུ་མེད །
གོང་བཀུར་ཞུ་འབུལ་ཙམ་གྱིས་ཐར་དུ་མེད །
ཕ་རོལ་དགྲ་ཡི་མགོ་བོ་མ་བཅད་ན །
ཚུར་པོ་རང་གི་རྐང་ལག་གཏུབ་སྲིད་པས །
གླག་རྒོད་རྩལ་གྱིས་དེ་ལ་དཔུང་འཇུག་བྱོས །
འབྲོང་རྒོད་སྟོབས་ཀྱིས་དེ་ལ་ངོ་ཡ་གནོང་ །
མ་གཡེང་བློ་གྲོས་དྭངས་མ་རྩལ་དུ་སྒྲིམས །
མ་བསྐྱུར་བར་དོའི་འཕྲང་ལམ་ཉུལ་དུ་ཆུགས །
ད་ལྟའི་དུས་ཀྱི་ཁྱོད་ཀྱི་བློ་གྲོས་ནི །
མགོ་ཡང་སྐྱེས་བུས་བརྡར་བའི་གྲི་ཁ་སྟེ །
ཝ་མ་ཝལ་ལ་ཆུ་ནང་ཙམ་དུ་བསྒྲེས །
ན་མ་མནན་གྱིས་བརྡར་སྟེང་གཡུག་གཡུག་ཙམ །
ཉོན་མོངས་འབྲོང་སྐེ་སྦོམ་པོ་ཆོད་དུ་མེད །
གཏི་མུག་རྐྱང་རྔོག་རིང་མོ་བྲེགས་སུ་མེད །
མེ་སྟག་ཙམ་གྱིས་འོད་ཆེན་མི་འབྱུང་དཔེར །
ད་ལྟའི་ཁྱོད་ཀྱི་བློ་གྲོས་ཉམས་རེ་ཆུང་ །
ད་ལྟའི་ཁྱོད་ཀྱི་ཤེས་རབ་སྟོབས་རེ་ཞན །
དེ་བས་རྣམ་གཡེང་སྐག་རྫས་མ་བསྐུས་ལ །
ང་རྒྱལ་རང་རློམ་སྐག་ཆུ་མི་བྱུགས་པར །
བརྩོན་བཅས་དྭངས་གཙང་ཆུ་མོས་ཡོངས་བཀྲུས་ན །
བཅོས་མིན་ཤེས་རབ་ཞལ་ངོ་ལྷོད་ཀྱིས་འབྱུང་ །
ཟེར་ཞིང་ཡེ་ཤེས་སྤྱན་གྱིས་མདུན་དུ་གཟིགས །
མདུན་ན་ཡོད་པའི་བུ་མོའི་ལུས་ལ་གཟིགས །
དེ་སྔའི་བུ་མོའི་ལྟག་ཀར་དཔྱངས་པའི་མགོ །
ད་ནི་ཤ་ཡི་མདའ་མོ་བཞིན་དུ་དྲང་ །
ཕག་གི་ལྟོ་བ་ལྟ་བུའི་བྲང་ཁོག་དེ །
མི་དགྱེ་མི་སྒུར་བར་དོའི་ཚུལ་ན་ལུས །
མཛེས་པའི་ལུས་ལ་བརྩོན་པའི་སྟོབས་ཤིག་རྒྱས །
གསལ་བའི་མིག་ལ་ཤེས་རབ་མདངས་ཤིག་ཤར །
མི་ཕྱེད་སེམས་ལ་ཡིད་ཆེས་དཔའ་ཞིག་འཁྲུངས །
ཕྲག་མགོ་ཡས་གཅིག་མཐོ་ལ་ཡས་གཅིག་དམའ །
གཟན་སྣེ་ཕྲག་ཏུ་གཟར་འདྲའི་ངང་ཚུལ་འཛིན །
པུས་མོ་གཡས་པའི་རྩེ་མོ་ས་རུ་བཙུགས །
མ་རིག་དགྲ་དཔུང་བཏུལ་བའི་རྟགས་སུ་ཆེ །
བུ་མོས་དད་པའི་ཐལ་མོ་སྦྱོར་བཞིན་དུ །
མགྲིན་པའི་མགུར་ལས་གྲགས་རྒྱུ་འདི་འདྲ་བྱུང་ །
ཚེ་སྔོན་ལས་ཀྱིས་བཏབ་པའི་སྨོན་ལམ་མཐུས །
ཁྱེད་གསུང་མད་པའི་ལམ་རིམ་ཐོས་རྒྱུ་བྱུང་ །
གསེད་བཀྲོལ་ཉམས་ཁྲིད་དམར་ཁྲིད་གནང་རྒྱུ་བྱུང་ །
རྨོངས་པའི་ཆོས་སྤོང་ཆེན་མོ་འགགས་རྒྱུ་བྱུང་ །
ལྟ་གསར་གསུང་རབ་གདམས་པར་ཤར་རྒྱུ་བྱུང་ །
རིག་གསར་བསྟན་པ་འགལ་མེད་རྟོགས་རྒྱུ་བྱུང་ །
གནས་ལུགས་རྒྱལ་བའི་དགོངས་པ་རྙེད་རྒྱུ་བྱུང་ །
ད་ནི་མི་སྡོད་ཤེས་བྱའི་ལམ་ཡངས་མོར །
སྲབ་ལས་ཤོར་བའི་རྟ་རྒོད་བཞིན་དུ་རྒྱུགས །
རྙི་ལས་ཐར་བའི་བྱ་རྒོད་ལྟར་དུ་འཕུར །
ལེ་ལོ་བག་མེད་ལས་ཀྱི་ཨ་མྲི་ཏར །
ཁྱོ་གསུམ་འགྲིམས་པའི་བུ་མོ་བཞིན་དུ་བྲེད །
ཚེ་གསུམ་མནར་བའི་དགྲ་མི་ལྟར་དུ་སྡང་ །
ད་ནི་རྙིང་ཞེན་བག་འཁུམ་སྤྲིན་གྱི་ཕུང་ །
ཀུན་རྟོག་སེམས་ཀྱི་མཁའ་ནས་གཏོར་རྒྱུ་བྱུང་ །
བརྩོན་བཅས་སྤོབས་པའི་ཁྲི་གདུགས་ཉི་མ་དེ །
ཀུན་རྟོག་སེམས་ཀྱི་མཁའ་ནས་ཤར་རྒྱུ་བྱུང་ །
ཡང་དག་ལྟ་བ་པད་མའི་རྩ་ལག་དེ །
ཀུན་བཟོད་སེམས་ཀྱི་ས་ནས་རྒྱས་རྒྱུ་བྱུང་ །
ད་ལྟ་སྐྱིད་ལ་མ་འོངས་བདེ་བའི་རྒྱུ །
རང་དོན་འགྲུབ་ལ་གཞན་དོན་འཁྱོངས་པའི་རྐྱེན །
བུ་མོའི་ལག་ཏུ་སོན་པས་དགའ་བ་ལ །
བུ་མོའི་སེམས་སུ་འབྱོར་བས་སྤྲོ་བ་ལ །
འོན་ཀྱང་ཉ་གང་ཟླ་ལ་འགྲིབ་ཉེས་དང་ །
དབྱར་གྱི་མཚོ་མོར་བྲི་པའི་སྐྱོན་ལྡན་བཞིན །
བུ་མོའི་དཀར་བའི་སེམས་ལ་ནག་པའི་ཕྱོགས །
དར་བའི་བློ་ལ་གཞོན་པའི་ཆ་ལྡན་ཕྱིར །
རྒན་པོས་སྣང་ཆུང་ངར་སྣབས་མི་འབྱིན་ལ །
མ་འཐད་མགོ་བོའི་ཌ་རུ་མི་གཡུགས་པར །
རང་གི་བུ་ལྟར་གཅེས་གཅེས་མཛོད་ཅིག་ལ །
ལྟ་གསར་དང་ནི་རིག་གནས་གསར་བ་ཡི །
ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ །
ཞེས་པར་རྒན་གཞོན་གཉིས་ཀ་ཡིད་མཐུན་ཏེ །
ལང་ཚོའི་མེ་དཔུང་ཆེན་མོ་སྦར་བཞིན་དུ །
བོད་ཡུལ་མུན་པའི་གླིང་ག་བསྲེག་པར་ཆས །
རྩོམ་ཁུངས། ངེད་དྲ་བ།