སེམས་ཀྱི་དབྱངས་རྟ།
ཇོ་མོ་གླང་མ་སྤུ་རྒྱལ་བཙན་པོའི་སྤོབས་པའི་རི་མོ་ཡིན།།
རྨ་རྒྱལ་སྦོམ་ར་མ་རུང་ཟིལ་གྱིས་གནོན་པའི་གཉེན་པོ་ཡིན།།
ཡུམ་བུ་བླ་མཁར་ལོ་རྒྱུས་དཔའ་བོས་བརྩིགས་པའི་རྡོ་རིང་ཡིན།།
ཧི་མ་ལ་ཡ་རང་རྒྱུད་དྭངས་མར་བརྒྱུས་པའི་ཁ་བཏགས་ཡིན།།
ཀ་ཁ་ག་ང་ཐོན་མིས་རྙེད་པའི་རྔུལ་ཆུའི་ཐིགས་པ་ཡིན།།
བཅུ་ཕྲག་རིག་གནས་མཛོད་ལ་ཉར་བའི་ལྷད་མེད་ནོར་བུ་ཡིན།།
ཐུབ་པའི་བསྟན་པ་ཨ་མའི་སེམས་ན་བཞད་པའི་མེ་ཏོག་ཡིན།།
རི་བོ་གྲུ་འཛིན་བོད་མིའི་སྙིང་རུས་གསལ་བའི་ཕོ་བྲང་ཡིན།།
རྟ་ནོར་གཡང་དཀར་ཕ་མས་བཞག་པའི་བོད་ཀྱི་འཚོ་རྟེན་ཡིན།།
གསེར་དངུལ་ཟངས་ལྕགས་ས་ལ་སྦས་པའི་རིན་ཆེན་རྒྱུ་ནོར་ཡིན།།
ས་ཞིང་གྲུ་བཞི་སྦྲང་དཀར་རྩམ་པའི་མགོ་ཁུངས་གཙང་མ་ཡིན།།
མཐིང་སྨུག་སྦྲ་ཆུང་མེས་པོས་བཏོད་པའི་གཞིས་ཁྱིམ་དྲོན་མོ་ཡིན།།
རྨ་འབྲི་རིང་མོ་ཕྱི་རུ་བསྲིངས་པའི་གངས་རིའི་ལྷག་བསམ་ཡིན།།
ཡར་ཀླུང་གཙང་པོ་སྐྱེ་འགྲོའི་ཞབས་རྗེས་གསལ་བའི་མེ་ལོང་ཡིན།།
བྱམས་དང་སྙིང་རྗེ་རིས་མེད་ཕྱོགས་སུ་འཕྲོ་བའི་ཉི་ཟླ་ཡིན།།
རྩྭ་ཐང་ཡངས་པོ་ཁ་བ་རི་བའི་མཇུག་མཐའི་གནས་མལ་ཡིན།།
རྩོམ་ཁུངས། ངེད་དྲ་བ།